ལྷ་ས་གྲོང་ཁྱེར་གྱིས་དཔྱིད་གསར་དུས་ཆེན་གོང་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་གྱི་ཆེད་དོན་ཞིབ་བཤེར་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-12-28 12:15:25

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་།  གྲོང་ཁྱེར་མི་སྤྱི་ཅུས་དང་། ཡིག་བསྐུར་ངོ་བཅར། སྤྱི་བདེ། འཕེལ་སྒྱུར་ཨུ་ལྷན།  སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་ཁོངས་མིའི་ཚན་པ་ལས་གྲུབ་པའི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་ལས་དོན་གྱི་ཆེད་དོན་ཞིབ་བཤེར་ཚོགས་ཆུང་གིས་དུས་མཚམས་དབྱེ་བ་དང་གོམ་སྟབས་དབྱེ་སྟེ་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་།  དོ་དམ་ཨུ་ཡོན་ལྷན་ཁང་།  ཐོན་ལས་གླིང་བཅས་དང་དེ་བཞིན་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཁེ་ལས་ཀྱིས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱེད་རིང་ཞིབ་བཤེར་ཚོགས་ཆུང་གིས་གླ་ཆ་འགྱངས་ཆད་བྱེད་མཁན་ཁེ་ལས་ལ་གཅིག་སྡུད་བཅོས་སྒྲིག་དང་།  གླ་ཆ་གཏོང་སྤྲོད་བྱེད་པོ་གཏན་འཁེལ།  གླ་ཆ་གཏོང་སྤྲོད་ཀྱི་འགན་འཁྲི་འདོན་འཁྱོལ་བཅས་བྱས་ཏེ་ཞིང་པ་ལས་མིའི་མིང་ངོ་མ་འགོད་པའི་ལམ་ལུགས་དང་ཆེད་སྤྱོད་ཐོ་ཁོངས་དོ་དམ་ལམ་ལུགས་ལ་རིམ་བཞིན་སྐུལ་འདེད་བཏང་བ་དང་།  དུས་ཐོག་ཏུ་ས་ཁོངས་ནང་གི་ཐོལ་བྱུང་རང་བཞིན་གྱི་ཚོགས་སྤྱིའི་ངལ་རྩོལ་གླ་ཆའི་རྩོད་གཞི་དང་།  ཁེ་ལས་ཀྱི་གཉེར་སྐྱོང་མཁན་གྱིས་གླ་ཆ་ཆད་ནས་བྲོས་པ་དང་གབ་པ།  གླ་ཆ་ཆད་པའི་གནད་དོན་ཡོད་པའི་ཁེ་ལས་སྒོ་རྒྱག་པ་བཅས་ཀྱི་དོན་རྐྱེན་ཐག་གཅོད་འོས་འཚམ་བྱས་ཏེ་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་དང་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱས་པ་དང་འབྲེལ།  ཁེ་ལས་ཀྱི་ངལ་རྩོལ་འགན་ལེན་གྱི་ཁྲིམས་སྲུང་ཁ་དན་ཚིག་གནས་རིམ་པའི་གདེང་འཇོག་ལས་དོན་ཧུར་ཐག་སྤེལ་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་ཁྲིམས་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་ཁེ་ལས་ལ་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།