“གློག་ཤུགས་བོད་སྐྱོར”གྱི་ནུས་རྒྱུ་གཙང་མ་བེད་སྤྱོད་ཀྱི་གྲོས་མཐུན་བཞག་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-09-05 16:18:56

འདི་ག་ཚགས་པར་ཁང་དུ་ཉིང་ཁྲི་ནས་ཟླ་8ཚེས་30ཉིན་གློག་འཕྲིན་འབྱོར་གསལ།  གསར་འགོད་པར་ཚེས་30ཉིན་འཚོགས་པའི“གློག་ཤུགས་བོད་སྐྱོར”དང་བོད་ཀྱི་ནུས་རྒྱུ་གཙང་མ་ཕྱིར་གཏོང་བེད་སྤྱོད་ཀྱི་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།  རྒྱལ་ཁབ་གློག་དྲ་པེ་ཅིང་དང་། ཧྲང་ཧའེ། ཧྲན་ཏུང་། ཀྲེ་ཅང་། ཧུའུ་ནན། ཧོ་ནན། ཅང་ཤིས།  ཧྲའན་ཤིས། ཀན་སུའུ། མཚོ་སྔོན། སི་ཁྲོན།  ཁྲུང་ཆིང་སོགས་ཞིང་ཆེན་དང་གྲོང་ཁྱེར་12ཀྱི་གློག་ཤུགས་ཀུང་སིས་2019ལོར་ཆན་ཝ་ཆུ་ཚོད་དུང་ཕྱུར་14ཟིན་པའི“གློག་ཤུགས་བོད་སྐྱོར”དང་བོད་ཀྱི་ནུས་རྒྱུ་གཙང་མ་ཕྱིར་གཏོང་བེད་སྤྱོད་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད།

གྲོས་མཐུན་ལ་གཞིགས་ན།  2019ལོར་ཆན་ཝ་ཆུ་ཚོད་དུང་ཕྱུར་14ཟིན་པའི་བོད་ལྗོངས་ཆུ་གློག་དང་འོད་གློག་སོགས་ཀྱི་ནུས་རྒྱུ་གཙང་མ་དག་མཐོ་གནོན་ཤིན་ཏུ་ཆེ་བའི་སྤེལ་རྒྱུག་དང་ཐད་རྒྱུག་གློག་ལམ་བརྒྱུད་ཀྲུང་ཧྭ་བྱང་རྒྱུད་དང་།  ཀྲུང་ཧྭ་ཤར་རྒྱུད། ཀྲུང་ཧྭ་དབུས་རྒྱུད། ནུབ་བྱང་།  ནུབ་ལྷོ་སོགས་ས་ཁུལ་5ལ་གཏོང་རྒྱུ་ཡིན་པས།  དབུས་རྒྱུད་དང་ཤར་རྒྱུད་ས་ཁུལ་གྱི་ཚད་ལྡན་རྡོ་སོལ་ཟད་ཚད་ཏུན་ཁྲི་42དང་།  དབྱང་གཉིས་ཐན་འགྱུར་ཕྱིར་འབུད་ཚད་ཏུན་ཁྲི་140ཉུང་དུ་འགྲོ་རྒྱུ་ཡིན་པ་དང་།  སྔོན་དཔག་ལྟར་ན།  བོད་ལྗོངས་ཁུལ་གྱི་གློག་གཏོང་ཁེ་ལས་ལ་འབབ་འཕར་སྒོར་དུང་ཕྱུར་3ཙམ་ཟིན་ཏེ་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་རྒྱུ་ཡིན་པ་རེད།

རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིས་བོད་གློག་ཕྱིར་གཏོང་བྱ་རྒྱུ་དེ་གཙོ་གནད་ལས་དོན་ལ་བརྩིས་ཏེ།  མཚོ་བོད་དང་ཁྲོན་བོད་སོགས་ལ་ལྡན་པའི་གློག་ལམ་གློག་གཏོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བོད་དབུས་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་སོགས་ཕྱིར་གཏོང་གློག་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།  ཁྲོམ་ར་ཅན་གྱི་ཉོ་ཚོང་ཧུར་ཐག་བྱེད་པ།  ས་ཁུལ་གྱི་དོན་དངོས་དང་འཚམ་པའི་ཕྱིར་གཏོང་བེད་སྤྱོད་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ།  “གློག་ཤུགས་བོད་སྐྱོར”གྱི་རྣམ་པར་བརྟེན་ནས་བོད་ཀྱི་ནུས་རྒྱུ་གཙང་མ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕྱིར་གཏོང་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།  2016ལོ་དང་2017ལོར་བོད་གློག་ཕྱིར་གཏོང་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་8.5དང་ཆན་ཝ་ཆུ་ཚོད་དུང་ཕྱུར་9.5སོ་སོར་ཟིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།