ངོ་ལོག་ཟིང་འཁྲུག་བཀག་འགོག་བྱ་ཆེད་རང་ཉིད་ཀྱི་ཚེ་སྲོག་སྐྱེས་སུ་འབུལ་མཁན་འཕགས་པ་ལྷ་བསོད་ནམས་རྒྱ་མཚོ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-12-16 11:06:22

འཕགས་པ་ལྷ་བསོད་ནམས་རྒྱ་མཚོ་ནི་དེ་སྔའི་བོད་ས་གནས་སྲིད་གཞུང་གི་མཁན་པོ(རིམ་བཞིའི་བླ་སྤྱི་དཔོན་རིགས)ཡིན་པ་དང་། ཆབ་མདོར་བཅིངས་འགྲོལ་བཏང་རྗེས་འཕགས་པ་ལྷ་བསོད་ནམས་རྒྱ་མཚོ་དང་ཁོང་གི་གཅུང་པོ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གཉིས་མི་དམངས་བཅིངས་འགྲོལ་དམག་དང་ཐད་ཀའི་འབྲེལ་བ་བྱུང་བ་རེད། ཀྲུང་གོ་གུང་ཁྲན་ཏང་དང་མི་དམངས་བཅིངས་འགྲོལ་དམག་རྒྱུས་མངའ་གཏིང་ཟབ་ཐུབ་རྗེས། འཕགས་པ་ལྷ་བསོད་ནམས་རྒྱ་མཚོས་རྒྱ་ཆེའི་རྒྱལ་གཅེས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་གཞན་དག་དང་མཉམ་དུ《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(གཤམ་དུ་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་བསྡུ་རྒྱུ)ལ་བརྩི་སྲུང་དང་དྲིལ་བསྒྲགས་མཐའ་གཅིག་ཏུ་གནང་བ་དང་། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་རྒྱལ་གཅེས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་གནང་ནས། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་བྱ་གཞག་ནང་ཧུར་ཐག་ཞུགས་པ་རེད།

བོད་ས་གནས་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་དྲག་པོའི་ངོ་ལོག་ཟིང་འཁྲུག་སློང་རྒྱུའི་ལྐོག་གཡོ་བཤམས་ནས་རྫིག་ཉམས་ཆེ་མདོག་བྱེད་པའི་སྐབས་སུ། འཕགས་པ་ལྷ་བསོད་ནམས་རྒྱ་མཚོས་ལངས་ཕྱོགས་ཧ་ཅང་བརྟན་པོ་དང་རྣམ་འགྱུར་ཧ་ཅང་གསལ་པོའི་སྒོ་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་བ་རེད། ཁོང་གིས་མཐོ་རིམ་མི་སྣ་དང་མང་ཚོགས་ཀྱི་ལས་དོན་ཧུར་ཐག་སྒྲུབ་པ་དང་། ཏང་གི་ཆོས་ལུགས་དང་མི་རིགས་སྲིད་ཇུས་དྲིལ་བསྒྲགས་གནང་ནས་ཐབས་བརྒྱ་ཇུས་སྟོང་ངང་ངོ་ལོག་ཟིང་འཁྲུག་བཀག་འགོག་གནང་བ་རེད། དེའི་དབང་གིས་ཁོང་ཁ་ཕྲལ་པའི་མིག་ནང་གི་གྲ་མ་ལྟ་བུར་གྱུར་བ་རེད།

1959ལོའི་ཟླ་3ཚེས་10ཉིན་གྱི་ཞོགས་པ། བོད་ས་གནས་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནམ་ཡང་གནས་པར་བྱ་ཆེད། མངོན་སུམ་འཛེམ་མེད་ངང“གྲོས་མཐུན་དོན་ཚན་བཅུ་བདུན”རྩིས་མེད་དུ་བཏང་ནས་བོད་དུ་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་རེད། ལྷ་ས་ནོར་བུ་གླིང་གའི་རྒྱལ་སྒོའི་མདུན་དུ་ངོ་ལོག་ཟིང་འཁྲུག་པས་བོད་ས་གནས་སྲིད་གཞུང་གི་བཀའ་བློན་ཟུར་པ་དང་སྐབས་དེ་དུས་ཀྱི་བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་བསམ་ཕོ་ཚེ་དབང་རིག་འཛིན་ལ་རྨས་སྐྱོན་བཏང་བ་རེད། འཕགས་པ་ལྷ་བསོད་ནམས་རྒྱ་མཚོས་གནས་ཚུལ་དེ་གོ་ཐོས་བྱུང་རྗེས། ཉེན་ཁར་མ་འཛེམས་པར་རྐང་འཁོར་བཏང་ནས་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་དེ་ངོ་ལོག་ཟིང་འཁྲུག་བྱེད་སྤྱོད་བཀག་འགོག་གནང་ཞིང་། ཁོང་གིས་མི་རྣམས་ལ་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། བཙན་རྒྱལ་རིང་ལུགས་ཀྱི་མགོ་སྐོར་འོག་མི་ཚུད་པ། ངོ་ལོག་ཟིང་འཁྲུག་ནང་མི་ཞུགས་པ། མེས་རྒྱལ་ལ་རྒྱབ་གཏོད་བྱེད་པ་ནི་མདུན་ལམ་མེད་པ་ཞིག་དང་། ཏང་ཀྲུང་དབྱང་དང་། མའོ་ཀྲུའུ་ཞི། མི་དམངས་བཅིངས་འགྲོལ་དམག་བཅས་ནི་ང་ཚོའི་གཉེན་ཉེ་རེད་ཅེས་ཁ་ཏ་བསླབ་བྱ་གནང་བ་རེད། འཕགས་པ་ལྷ་བསོད་ནམས་རྒྱ་མཚོའི་དྲང་བདེན་གྱི་བྱ་སྤྱོད་ཀྱིས་ངོ་ལོག་ཟིང་འཁྲུག་པ་ངོ་ཚ་ཁ་སྐྱེངས་དང་ཁོང་ཁྲོ་རབ་ཏུ་ལངས། དེ་རྗེས་ཁོང་ངོ་ལོག་ཟིང་འཁྲུག་ནང་བཙན་ཤེད་ངང་ཞུགས་སུ་བཅུག་པར་ཁས་མ་བླངས་པས་ངོ་ལོག་ཟིང་འཁྲུག་པས་རྡོ་གཞུས་ནས་ཁོང་དཀྲོངས་པ་རེད། དེ་ཉིན་ཕྱི་དྲོ། ངོ་ལོག་ཟིང་འཁྲུག་པས་འཕགས་པ་ལྷ་བསོད་ནམས་རྒྱ་མཚོའི་སྐུ་ཕུང་རྟའི་མཇུག་མར་བསྡམས་ནས་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་ཁྲོམ་སྟོན་དང་རྣམ་པ་དེ་ལྟ་བས་མི་བཟོད་པ་ཞིག་ཡོད། ངོ་ལོག་ཟིང་འཁྲུག་པས་མང་ཚོགས་ལ་འདི་ནི་གུང་ཁྲན་ཏང་དང་མི་དམངས་བཅིངས་འགྲོལ་དམག་གི་རྗེས་སུ་འབྲང་བའི་མཇུག་འབྲས་རེད་ཅེས་འཇིགས་སྣང་སྐུལ།

འཕགས་པ་ལྷ་བསོད་ནམས་རྒྱ་མཚོའི་གཅུང་པོ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་རྗེས་སུ་ཁོང་ཁྲོ་ཆེན་པོའི་ངང་ངོ་ལོག་ཟིང་འཁྲུག་པས་ཁོང་དཀྲོངས་པར་རྒྱུ་མཚན་གང་ཡང་ཤོད་རྒྱུ་མི་འདུག དེ་ནི་ཁོང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་ལ་བརྩི་བཀུར་དང་། མེས་རྒྱལ་ལ་དགའ་ཞེན། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་བཅས་གནང་བས་རེད་ཅེས་གསུངས་པ་རེད། འཕགས་པ་ལྷ་བསོད་ནམས་རྒྱ་མཚོའི་གཅེན་པོ་སྲས་པོ་དབང་འདུས་ཀྱིས་ངའི་གཅུང་པོ་ནི་བོད་ཀྱི་མི་དམངས་དོན་དུ་གཟི་བརྗིད་ལྡན་པའི་ངང་གཤེགས་པ་ཞིག་རེད། ངས་སྐྱོ་སྣང་སྟོབས་ཤུགས་སུ་བསྒྱུར་ནས་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་དམངས་དོན་དུ་ལས་ཀ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

འཕགས་པ་ལྷ་བསོད་ནམས་རྒྱ་མཚོས་ངོ་ལོག་ཟིང་འཁྲུག་བཀག་འགོག་བྱེད་ཆེད་ཟུངས་ཁྲག་མཐའ་མ་དེ་བཏོན་ནས་བོད་ཀྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཟིང་འཁྲུག་ཞོད་འཇགས་ལ་རྒྱལ་ཁ་ཐོབ་རྗེས། བོད་རང་སྐྱོང་ལྗོངས་ཀྱིས་ཆེད་མངགས་མྱ་ངན་ཚོགས་འདུ་འཚོགས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བརྩེ་བ་ཟབ་མོའི་ངང་བོད་ལྗོངས་འཕེལ་རྒྱས་ཡར་ཐོན་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་རྒྱལ་གཅེས་ཡར་ཐོན་མི་སྣ་ཁོང་ལ་རྗེས་དྲན་ཞུས་པ་རེད། ལོ་ངོ་60ཡི་རིང་། ཏང་དང་མི་དམངས་ཀྱིས་ཀྱང་སྔ་ཕྱི་བར་གསུམ་དུ་འཕགས་པ་ལྷ་བསོད་ནམས་རྒྱ་མཚོ་བརྗེད་མེད། 2011ལོའི་ཟླ་7པར། ཁོང་ང་ཕོད་ངག་དབང་འཇིགས་མེད་དང་། ཀྲང་གོ་ཧྭ། ཐན་ཀོན་སན། ཁུང་ཧྥན་སེན་སོགས་དང་མཉམ་དུ་བོད་རང་སྐྱོང་ལྗོངས་ཀྱིས“བོད་ཀྱི་སེམས་འགུལ་ཐེབས་པའི་མི་སྣར”བདམས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།