བོད་ཀྱི་སྲོལ་རྒྱུན་རོལ་ཆར་གསོན་ཤུགས་གསར་པ་རྒྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-12-16 11:06:20

འདི་ནི་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མི་རིགས་རོལ་དབྱངས་རུ་ཁག་གིས་རོལ་ཆ་དབྱང་ཆིན་དཀྲོལ་གཏོང་བྱེད་བཞིན་པ།

འདི་ནི་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མི་རིགས་རོལ་དབྱངས་རུ་ཁག་གིས་ནང་སྦྱོང་བྱེད་བཞིན་པ།

མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་རྒྱུན་འཛིན་ཁྲོད་འཕེལ་རྒྱས་བྱུང་བ།

ཉེ་ཆར། གསར་འགོད་པ་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མི་རིགས་རོལ་དབྱངས་རུ་ཁག་གི་སྦྱོང་བརྡར་ཁང་དུ་བསྐྱོད་པ་དང་། དེ་གའི་རོལ་ཆ་དཀྲོལ་མཁན་རྣམས་རྒྱུན་གཏན་གྱི་ནང་སྦྱོང་བྱེད་བཞིན་མཆིས། རོལ་མོ་དཀྲོལ་མཁན་གྱི་བྱང་ཆུབ་པའི་དཀྲོལ་རྩལ་ལས་རོལ་ཆ་དབྱང་ཆིན་དང་། སྒྲ་སྙན། གླིང་བུ། པི་ཝང་རྒྱུད་གཉིས་སོགས་མི་རིགས་ཀྱི་རོལ་ཆ་སྣ་ཚོགས་ལས་སྙན་པའི་སྒྲ་དབྱངས་ཕྱོགས་བཅུར་གྲགས། རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མི་རིགས་རོལ་དབྱངས་རུ་ཁག་གི་རུ་དཔོན་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རོལ་མོ་དཀྲོལ་མཁན་མཁས་ཅན་སྤེན་པ་བཀྲ་ཤིས་ཀྱིས་ང་ཚོས་ཉིན་ལྟར་འདི་གར་ཆུ་ཚོད་ཁ་ཤས་སྦྱོང་བརྡར་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།

སྤེན་པ་བཀྲ་ཤིས་ཀྱིས། བོད་མི་རིགས་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་རིག་གནས་ཀྱི་ནང་དོན་དང་མཚོན་ཚུལ་ཤེས་རྟོགས་གང་ལེགས་བྱེད་པ་དང་དུས་མཚུངས། དེང་རབས་དར་ཁྱབ་ཆེ་བའི་རོལ་དབྱངས་ཀྱི་ཆོས་ཉིད་ཁོང་དུ་ཡག་པོ་ཆུད་ཚེ། གཞི་ནས་སྲོལ་རྒྱུན་གྱི་རོལ་ཆ་ལས་རྣམ་པ་གསར་རྐྱང་གི་དུས་རབས་ཀྱི་ཉམས་འགྱུར་མཚོན་ཐུབ་ཅེས་བརྗོད།

སྲོལ་རྒྱུན་གྱི་རོལ་ཆ་དང་སྲོལ་རྒྱུན་གྱི་རོལ་དབྱངས་དུས་ཡུན་རིང་པོ་རྒྱུན་འཛིན་བྱས་པ་ལས་ད་བར་གནས་ཡོད། མི་རིགས་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་ནི་སྒྱུ་རྩལ་པ་ཚང་མའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ལོ་བཅུ་ཕྲག་རིང་། རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་མི་རིགས་རོལ་དབྱངས་རུ་ཁག་གི་སྒྱུ་རྩལ་པ་ཚོས་མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆ་རྒྱུན་འཛིན་བྱ་རྒྱུ་འགན་འཁྲིར་བརྩིས་ཏེ། རྒན་རབས་ཚོར་སློབ་སྦྱོང་དང་དམངས་ཁྲོད་སྒྱུ་རྩལ་པའི་ཁྲོད་ནས་ཉམས་མྱོང་གསོག་འཇོག་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། བོད་ཀྱི་སྲོལ་རྒྱུན་མི་རིགས་རོལ་ཆ་དུང་ཆེན་དང་། གླིང་བུ། སྒྲ་སྙན་སོགས་དཀྲོལ་གཏོང་བྱ་ཐབས་ཁོང་དུ་ཆུད་པ་བྱས་ཡོད། དུས་ཡུན་རིང་པོ་བརྒྱུད་བསྒྲགས་དང་རྒྱུན་འཛིན་བྱེད་རིང་། དམངས་ཁྲོད་རོལ་ཆ་དཀྲོལ་གཏོང་བྱེད་མཁན་སྒྱུ་རྩལ་པ་ཚོས་གསར་རྩོམ་དང་། ལས་སྣོན། ལེགས་བཅོས་བཅས་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་རོལ་ཆ་དེ་བས་མང་བ་ཆེད་ལས་ཀྱི་རིག་རྩལ་གར་སྟེགས་ཐོག་དཀྲོལ་གཏོང་བྱས་ཡོད།

ནུབ་ཕྱོགས་ཀྱི་རོལ་ཆར་བརྟེན་ནས་ཁྱད་ཆོས་གསར་པ་བསྣན་པ།

བོད་ཀྱི་སྲོལ་རྒྱུན་མི་རིགས་རོལ་ཆ་དུས་ཡུན་རིང་པོ་དམངས་ཁྲོད་དུ་དཀྲོལ་གཏོང་བྱེད་ཅིང་། དེར་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་མ་ཟད། མང་ཚོགས་ཀྱི་རྨང་གཞི་རྒྱ་ཆེན་པོ་ཡོད་པ་དང་། དེས་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་ལྡན་པའི་རོལ་དབྱངས་ཀྱི་རིག་གནས་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་ལ། དམིགས་བསལ་གྱི་ཁྱད་ཆོས་དང་སྲ་ཞིང་བརྟན་པའི་སྒྱུ་རྩལ་གྱི་སྲོག་རྩ་ཡང་ལྡན་ཡོད། དེ་བས་མི་རབས་ནས་མི་རབས་བར་གྱི་སྒྱུ་རྩལ་མཁན་ཚོས་ལོ་མང་འབད་བརྩོན་བྱས་པ་བརྒྱུད་དམངས་ཁྲོད་རོལ་དབྱངས་རིག་གནས་ཀྱི་རྒྱུ་ནོར་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་རོལ་དབྱངས་གསར་རྩོམ་ལ་གཞི་རྒྱུ་གསར་པ་བསྣན་པ་དང་བསྟུན་ནས་བོད་ཀྱི་རོལ་དབྱངས་སྣ་མང་གི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་ཐབས་ལམ་སྔར་བས་ཡངས་སུ་ཕྱིན་ཡོད།

བོད་ལྗོངས་ཨའེ་གཡོད་རོལ་ཚོགས་ནི་2002ལོར་དངོས་སུ་བཙུགས་པ་དང་། དེ་ནི་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་འབུད་དཀྲོལ་རོལ་ཆ་ཚོགས་པ་རྨང་གཞིར་བྱས་ནས་བཙུགས་པའི་མཉམ་དཀྲོལ་རོལ་མོའི་རུ་ཁག(ལོགས་སུ་བཙུགས་པའི་རོལ་དབྱངས་ཚོགས་པ་མིན་པ)ཅིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཨའེ་གཡོད་རོལ་ཚོགས་ཀྱི་རོལ་ཆ་དཀྲོལ་སྟངས་ལ་དམིགས་བསལ་ཁྱད་ཆོས་ལྡན་པ་དང་། ནུབ་ཕྱོགས་ཀྱི་འབུད་དཀྲོལ་རོལ་ཆ་ཡོད་པ་མ་ཟད། ད་དུང་པི་ཝང་དང་། དུང་ཆེན། སྒྲ་སྙན་སོགས་བོད་ཀྱི་རོལ་ཆ་བཅུ་ལྷག་ཙམ་ཡོད་པ་རེད།

རྣམ་པ་གསར་པས་དེང་རབས་དང་སྲོལ་རྒྱུན་མཉམ་འདྲེས་ཟབ་མོ་བྱུང་བ།

ཡུན་རིང་གསར་རྩོམ་དང་དཀྲོལ་གཏོང་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་རོལ་མོ་མཁས་ཅན་ཚོས་སྔ་བར་ཕྱི་གསུམ་དུ་འཚོལ་ཞིབ་དང་ལེགས་བཅོས་བྱེད་བཞིན་ཡོད། རྒྱུན་གཏན་གྱི་འཁྲབ་སྟོན་ནང་། སྲོལ་རྒྱུན་གྱི་རོལ་ཆ་དང་ནུབ་ཕྱོགས་ཀྱི་རོལ་མོ་མཉམ་དུ་དཀྲོལ་རྒྱུར་སྣང་ཆེན་བྱེད་ཀྱི་ཡོད། ད་ཆ་དེང་རབས་དང་སྲོལ་རྒྱུན་མཉམ་འདྲེས་ཟབ་མོ་བྱུང་སྟེ། མི་རིགས་ཀྱི་སྲོལ་རྒྱུན་རོལ་ཆར་གསོན་ཤུགས་གསར་པ་རྒྱས་བཞིན་ཡོད། ལོ་མང་རིང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་དང་དེ་བཞིན་རྒྱལ་ཁབ་མང་པོར་བསྐྱོད་དེ་འཁྲབ་སྟོན་ཐེངས་མང་བྱས་པས། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་ཚོ་ཧང་སངས་ཡོད། དེའི་བརྩམས་ཆོས་དང་དེའི་ཁྱད་དུ་འཕགས་པའི་ཡིད་དབང་འཕྲོག་ཤུགས་ལ་རྒྱལ་སྤྱི་དང་རྒྱལ་ནང་གི་སྒྱུ་རྩལ་འགྲན་བསྡུར་མང་པོའི་ནང་གདེང་འཇོག་གང་ལེགས་དང་དོ་ཁུར་ཆེན་པོ་བྱུང་ཡོད།

བོད་ནི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་གནས་ཤིག་ཡིན། སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བ་དང་བོད་ཀྱི་བྱ་གཞག་ཁག་ལ་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་བབ་བཟང་པོའི་འོག བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་དང་དེང་རབས་གསར་རྩོམ་ཟུང་འབྲེལ་བྱེད་པ་ནི་ལོ་རྒྱུས་ཀྱིས་རིག་གནས་དོ་དམ་ལས་དོན་པ་དང་ཆེད་ལས་རོལ་དབྱངས་མཁས་ཅན་ཚོར་དཀྲིས་པའི་ལས་འགན་ཞིག་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།