རྣམ་གླིང་རྫོང་གིས“སྐོར་སྐྱོད་དར་ཆ་དམར་སེར”གཉིས་པོ་འགྲན་སློབ་སྙེག་བརྒལ་བྱེད་པའི་མིག་དཔེར་འཛིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-12 12:59:34

རྣམ་གླིང་རྫོང་ཨུད་ཀྱི་གཞུང་ལས་ཐོག་བརྩེགས་ཁང་དུ་སྐྱོད་སྐབས་ཚོམས་ཆེན་གྱི་སྒོའི་མདུན་གྱི་མངོན་གསལ་དོད་སར།  “སྐོར་སྐྱོད་དར་ཆ་དམར་པོ་དང་སེར་པོའི་སྒྲོམ”ཞིག་བཞག་འདུག  སུ་ཞིག་ལ་དར་ཆ་དམར་པོ་རག་མིན་དང་སུ་ཞིག་ལ་དར་ཆ་སེར་པོ་རག་མིན་དེ།  རྣམ་གླིང་རྫོང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དབར་གླེང་མང་བའི་སྐད་ཆར་གྱུར་ཡོད།

འདི་ལོའི་ཟླ་ལྔ་པ་ནས་བཟུང་།  རྣམ་གླིང་རྫོང་གིས“སྐོར་སྐྱོད་དར་ཆ་དམར་སེར་སྤྲོད་པའི”བྱེད་ཐབས་སྤྱད་དེ།  ལས་ཀའི་བྱས་རྗེས་མངོན་གསལ་དོད་པ་དང་གྲུབ་འབྲས་གཟེངས་སུ་ཐོན་པའི་ཤང་གྲོང་དང་ཚན་པར་སྐོར་སྐྱོད་དར་ཆ་དམར་པོ་སྤྲད་ནས་སྐུལ་ལྕག་བྱེད་པ་དང་།  འགན་འཁྲི་མི་འཁུར་བ་དང་ལས་ཀ་མི་སྒྱིད་པའི་ཤང་གྲོང་དང་ཚན་པར་དར་ཆ་སེར་པོ་སྤྲད་དེ་ཐ་ཚིག་བསྒྲོགས་ནས་སྔོན་ཐོན་ལ་སྐུལ་ལྕག་དང་རྗེས་ལུས་ལ་སློབ་གསོ་བཏང་སྟེ་རྫོང་ཡོངས་ཀྱི་ལས་དོན་སྤུས་ཚད་མཐོར་གཏོང་དང་ལས་ཆོད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡོད།

ཟླ་བཅུ་པའི་ཟླ་འགོར།  རྣམ་གླིང་རྫོང་སྤྱི་བདེ་ཅུས་ལ་སླར་ཡང་སྐོར་སྐྱོད་དར་ཆ་དམར་པོ་རག་ཅིང་།  ཉེན་རྟོག་པ་ཚོས་གཟབ་ནན་ངང་དར་ཆ་དམར་པོ་དེ“ཉེན་རྟོག་པའི་དཔེ་དེབ་ཁང”གི་མངོན་གསལ་དོད་སར་བཀལ་བ་རེད།

དར་ཆ་དམར་པོ་རག་དོན་གང་ཡིན་ཞེ་ན།  འདི་ལོའི་ཟླ་7ཚེས་16ཉིན་རྣམ་གླིང་རྫོང་སྤྱི་བདེ་ཅུས་ཀྱིས་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད་ནུས་ལྡན་སྤེལ་བའི་ནང་བྱས་རྗེས་མངོན་གསལ་དོད་པར་བརྟེན་དར་ཆ་དམར་པོ་དེ་རག་པ་རེད།

རྣམ་གླིང་རྫོང་གི་གཏན་འབེབས་གཞིར་བཟུང་།  སྐོར་སྐྱོད་དར་དམར་རག་རྗེས། དམིགས་བསལ་གྱི་གནས་ཚུལ་མ་ཐོན་ན། ཟླ་གཅིག་འགེལ་གྱི་ཡོད།  འོན་ཀྱང་ཟླ་7ཚེས་23ཉིན་མི་དམངས་ཉིན་རྟོག་པས་ལས་དོན་ལ་དོ་དམ་བྱ་རྒྱུ་མ་འདང་བས་གཞུང་ལམ་འགག་པར་བརྟེན།  དར་ཆ་དམར་པོ་ཉིན་8ལས་འགེལ་རྒྱུ་མ་བྱུང་བར་བསྡུས་པ་རེད།

རྣམ་གླིང་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅ་ཡན་ཧུའེ་ཡིས་གསར་འགོད་པར།  དར་ཆ་ཤོར་རྗེས།  ཅུས་ཡོངས་ཀྱིས་དར་ཆ་དམར་པོ་སླར་ཡང་ཚུར་རག་རྒྱུའི་ལས་དོན་ཧུར་ཐག་སྤེལ་ཡོད།  རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་འཕྲལ་མར་ཆེད་དོན་བཅོས་སྒྲིག་ཚོགས་འདུ་འཚོགས་ནས་རྒྱུ་རྐྱེན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་དང་ལྷག་པའི་གནད་དོན་བཙལ་འཚོལ་བྱས་པ་མ་ཟད།  བཅོས་སྒྲིག་བྱེད་ཐབས་ཀྱང་བཏོན་ཡོད་ཅེས་བཤད།

གནད་དོན་ལ་ཐད་ཀར་ཕྱོགས་པ་དང་འཕྲལ་མར་བཅོས་སྒྲིག་བྱས་པར་བརྟེན།  རྣམ་གླིང་རྫོང་སྤྱི་བདེ་ཅུས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནང་མི་དམངས་ཉེན་རྟོག་པ་ཚོས་བསྟུད་མར་དམག་འཐབ་རྒྱག་པ་དང་འབྲེལ།  ཉེན་ཁ་འགོག་ཟོན་དང་། བདེ་འཇགས་སྲུང་སྐྱོང་།  བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱེད་ཐབས་ཁག་ནན་ལ་ཞིབ་ཚགས་པའི་སྒོ་ནས་དོན་འཁྱོལ་བྱས་ཏེ་དུས་བདེ་དང་།  འཆམ་མཐུན། སྤྲོ་སྣང་བཅས་ལྡན་པའི་རྒྱལ་སྟོན་གྱི་ཁོར་ཡུག་བཏོད་པར་བརྟེན།  སྐོར་སྐྱོད་དར་དམར་སླར་ཡང་ཁོང་ཚོར་རག་པ་རེད།

སྐོར་སྐྱོད་དར་ཆ་དམར་པོས་གཟི་བརྗིད་མཚན་སྙན་མཚོན་པ་དང་།  སྐོར་སྐྱོད་དར་ཆ་སེར་པོས་ངོ་ཚ་མཚོན་གྱི་ཡོད།  འདི་ལོའི་ཟླ་5ཚེས་7ཉིན་མཁར་རྩེ་ཤང་གི་ཤང་ཧྲིལ་པོའི་ལས་དོན་ལ་སྐུལ་འདེད་ཡག་པོ་མ་བྱུང་བ་དང་ལས་བྱེད་པ་དང་ལས་བཟོའི་ཁྲོད་སྒྱིད་ལུག་སོགས་ཀྱི་སྣང་ཚུལ་ཡོད་པར་བརྟེན།  རྣམ་གླིང་རྫོང་ཨུད་ཀྱིས་ཤང་དེར་སྐོར་སྐྱོད་དར་ཆ་སེར་པོ་སྤྲད་པ་དང་འབྲེལ་དེ་ཉིན་དགོང་མོར།  རྣམ་གླིང་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་བཀྲ་ཤིས་མཁར་རྩེ་ཤང་ཏང་ཨུད་ཀྱི་འགན་འཁུར་བར་བཏང་བ་རེད།

པད་མ་བཀྲ་ཤིས་ཀྱིས་གསར་འགོད་པར། ཟླ་5ཚེས་8ཉིན་གྱི་ཞོགས་པར།  ངས་ཤང་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་དང་ལས་བཟོའི་ཚོགས་འདུ་འཚོགས་ནས།  མི་ཚང་མས་རང་ཉིད་ཀྱི་མི་འདང་བའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་ཧེ་བག་དང་འབྱུང་རྩ་འཚོལ་དགོས་པའི་བླང་བྱ་བཏོན་པ་ཡིན་ཞེས་བཤད།

མཁར་རྩེ་ཤང་གི་ལས་བྱེད་པ་ལིའུ་ཧྥང་ཧུའེ་ཡིས་གསར་འགོད་པར“ཚོགས་ཆེན་ཐོག་དཀའ་གནད་ལ་གཏུག་ཕོད་པ་དང་།  ཞན་ཆ་གསབ་པ། གདོང་དམར་པོ་ཆགས་པ་དང་རྔུལ་ཆུ་དོན་པ་བཅས་བྱུང་སོང་།  ཧྲུའུ་ཅི་པད་མ་བཀྲ་ཤིས་ཀྱིས་ད་དུང་སྐོར་སྐྱོད་དར་ཆ་སེར་པོ་དེ་ལས་བྱེད་པ་དང་ལས་བཟོ་ཉིན་ལྟར་སྐྱོད་སའི་ཤང་སྲིད་གཞུང་གི་ཟ་ཁང་ནང་བཀལ་སོང་།  དར་ཆ་སེར་པོ་མཐོང་སྐབས། ལྟོ་ཡང་མིད་པར་འགྲོ་གི་མི་འདུག”ཅེས་བཤད།  དེ་ནས་བཟུང་ཁོང་དང་ལས་བྱེད་པ་དང་ལས་བཟོ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་ལས་དོན་བསྒྲུབས་པ་མ་ཟད།  ལས་དུས་འཕར་མ་བྱས་ནས་བསྒྲུབ་རྒྱུར་ལུས་པའི་ལས་ཀ་ཚང་མ་ཧུར་ཐག་བསྒྲུབས་པ་རེད།

མཁར་རྩེ་ཤང་གི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ཚོས་གནོན་ཤུགས་སྒུལ་ཤུགས་སུ་བྱས་ཏེ་སྤྱོད་ཚུལ་ལེགས་སུ་ཧུར་ཐག་བཏང་བ་དང་།  དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ།  སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ།  མཉམ་ལས་ཁང་འཕེལ་རྒྱས་ཧུར་ཐག་གཏོང་བ་སོགས་བྱས་ནས་ད་ཆ་དམར་པོ་རག་རྒྱུའི་དམ་བཅའ་བཞག་པ་རེད།  ཕྱིས་སུ་མཁར་རྩེ་ཤང་དམངས་ཕན་ཞབས་ཞུའི་ལྟེ་གནས་སྤྱོད་འགོ་ཚུགས་པ་དང་།  དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སླར་ཡང་གསེད་བཀྲོལ་དང་སྐུལ་འདེད་ཏན་ཏིག་བཏང་ཁར་ལས་བཟོའི་ལས་ཤག་གི་འཚོ་བའི་ཆུ་སྤྱོད་ཀྱི་གནད་དོན་ཐག་གཅོད་ཀྱང་བྱས་པ་རེད།

ཉིན་75འབད་འཐབ་བྱས་མཐར།  མཁར་རྩེ་ཤང་གི་གནད་དོན་རྙིང་པ་དང་ཆེ་རིཌ་ཐག་གཅོད་ནུས་ལྡན་བྱུང་བ་དང་བཅོས་སྒྲིག་བྱ་སྤྱོད་ཀྱང་རྣམ་གླིང་རྫོང་ཨུད་ལྟ་སྐུལ་ཞིབ་བཤེར་གཞུང་དོན་ཁང་གིས་ཞིབ་བཤེར་རྩིས་ལེན་བྱས་མཐར།  དར་ཆ་སེར་པོ་གཞི་ནས་ཕབ་ཐུབ་ཡོད།

ཤང་གི་འགྱུར་ལྡོག་གླེང་སྐབས།  རྒྱུན་དུ་དོན་དག་སྒྲུབ་པར་ཡོང་མཁན་ལུ་གུ་གདོང་གྲོང་ཚོའི་མང་ཚོགས་རིན་ཆེན་བཟང་པོས་མྱོང་ཚོར་ཟབ་མོས་གསར་འགོད་པར།  “དམངས་ཕན་ཞབས་ཞུའི་ལྟེ་གནས་བསྐྲུན་པས། ད་ཆ་མི་འཚོལ་བདེ་བ་དང་། སྐད་ཆ་ཤོད་བདེ་བ།  བྱ་བ་སྒྲུབ་བདེ་བ་བཅས་འདུག ཧྲུའུ་ཅི་དང་ཤང་ཀྲང་གིས་རེས་མོས་ངང་སྡོད་བྱ་བྱེད་པ་མ་ཟད།  ད་དུང‘ཏང་ཡོན་གྱི་དཔེ་སྟོན་ལས་གནས’ཀྱང་བཙུགས་འདུག  གཟའ་མཇུག་ཏུའང་རྒྱུན་གཏན་བཞིན་མང་ཚོགས་ལ་སྣེ་ལེན་ཞུས་ཏེ་མང་ཚོགས་ལ་སྟབས་བདེ་བསྐྲུན་པས།  ཧ་ཅང་ཡག་པོ་འདུག”ཅེས་བཤད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  མིག་སྔའི་བར་སྐོར་སྐྱོད་དར་ཆ་དམར་པོ་ཐེངས་13རག་པའི་ནང་ཤང་གྲོང་རྡལ་ལ་ཐེངས་6དང་རྫོང་ཐད་གཏོགས་ཚན་པར་ཐེངས་7རག་ཡོད།  སྐོར་སྐྱོད་དར་ཆ་སེར་པོ་17སྤྲད་པའི་ནང་ཤང་གྲོང་རྡལ་ལ་ཐེངས་15དང་རྫོང་ཐད་གཏོགས་ཚན་པར་ཐེངས་2སྤྲད་ཡོད།  བྱེད་ཐབས་དེ་ལག་བསྟར་བྱས་པ་བརྒྱུད།  བཅོས་སྒྲིག་དག་ཐེར་གྱི་གནད་དོན་30ཤེས་རྟོགས་བྱུང་སྟེ།  ལས་དོན་ཁག་དམིགས་སར་དོན་འཁྱོལ་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།

ད་ཆ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་།  རྣམ་གླིང་རྫོང་གིས“སྐོར་སྐྱོད་དར་ཆ་དམར་པོ་དང་སེར་པོ་སྤྲོད་པའི”བྱེད་ཐབས་དེ་གང་ལེགས་སྤྱད་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་།  འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ།  དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ལས་དོན་ཁག་བརྟན་པོའི་ངང་སྤེལ་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།