ཚད་གཞི་མཐོ་བ་དང་བླང་བྱ་ནན་པོས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-11-12 12:59:33

“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།  ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་གཙོ་རྐང་དང་རྩ་བའི་ལས་འགན་དང་།  “ཡིག་འབྲུ་12ཀྱི་སྤྱིའི་བླང་བྱ”“ཞིབ་ཕྲའི་དམིགས་ཚད་5”བཅས་ལ་དམ་པོར་དམིགས་ཏེ་སློབ་སྦྱོང་སློབ་གསོ་དང་།  བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ།  དག་ཐེར་དོན་འཁྱོལ་བཅས་གོང་འོག་ཚང་མར་ཏན་ཏིག་ངང་ཁྱབ་པར་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་མིག་མཐོང་ལག་ཟིན་གྱི་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།  དེར་བརྟེན་འདི་ག་ཚགས་པར་གྱི་གསར་འགོད་པས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན།

པད་མ་དབང་འདུས་ཀྱིས།  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།  ལྷ་ས་གྲོང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་བ་དང་།  ཐོག་མཐའ་བར་གསུམ་དུ་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ནན་པོ་བྱེད་པ།  འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་བ་བཅས་བྱས་ནས།  བརྗོད་དོན་གཙོ་བོའི་སློབ་གསོ་དེ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་དང་།  མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།  ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་དང་ཟུང་འབྲེལ་དམ་ཟབ།  ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ།  དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དང་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ།  “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་རང་རྟོགས་ངང་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བྱས་ཡོད་ཅེས་གསུངས་པ་རེད།

གཙོ་རྐང་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་ཇི་ལྟར་གཏོང་དགོས་མིན་ཐད།  པད་མ་དབང་འདུས་ཀྱིས།  གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཟླ་རེར་དགོང་མོ་2ཀྱི་དུས་ཚོད་སྤྱད་དེ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་།  འབྱོར་འབྲིང་ལྷ་ས་གཏོད་པའི”གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆེད་དོན་དབྱེ་བ་དང་རིམ་པ་ཕྱེ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་བགྲོ་གླེང་བྱས་པ་དང་འབྲེལ།  ཆེད་དོན་ཟུར་ཁྲིད་དང་། རྒྱུན་ལས་ཨུ་ལྷན་གྱིས་མཉམ་སྡེབ་སློབ་སྦྱོང་།  གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་བ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ།  སྲིད་གཙང་ཉེན་གཏོང་སློབ་གསོ་སྤེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད།  སྣེ་འཁྲིད་དེ་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་ནས་སྦྱོང་བསམ་སྤྱོད་གསུམ་འབྲེལ་མཐུད་དང་ཤེས་རྟོན་སྦྱོར་གསུམ་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ཡོད།  རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་མེད་པ་དང་ཕྱི་ཚུལ་ཙམ་གྱི་གནས་ཚུལ་མི་ལྷག་པ་བྱ་ཆེད།  “གཅིག་ཀྱང་མི་ལུས་པའི་བླང་བྱའི”ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་བྱའི་ཚོད་རྒྱུགས་བཏང་བ་དང་།  《ལྷ་ས་གྲོང་ཁྱེར་གྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་བྱའི་དྲི་བ་དྲིས་ལན》དཔེ་སྐྲུན་བྱས་པའི་ཐོག་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་གི་ཁོངས་མིས་འགོ་ཁྲིད་ནས་ཚོད་རྒྱུགས་ནང་ཞུགས་པས།  རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་དང་ལས་བྱེད་པའི་ཚོད་རྒྱུགས་ཀྱི་ཆ་སྙོམས་སྐར་གྲངས་93ཟིན་པ་དང་ཡིག་ཚད་ལོན་ཚད་99.6%ཟིན་པ་རེད།  གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས“གྲོང་ཚོའི་ལོ་རྒྱུས་བརྗོད་པ་དང་།  འགྱུར་ལྡོག་གླེང་བ།  ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་བ”བཅས་ཀྱི་བགྲོ་གླེང་ཆེ་མོའི་བྱེད་སྒོ་སྤེལ་ཞིང་།  མི་སྒེར་དང་། ཁྱིམ་ཚང་།  གྲོང་ཚོ་བཅས་ཀྱི་འཕེལ་རྒྱས་གླེང་བ་བརྒྱུད“མོས་སེམས་ལྔ”ཆེ་རུ་བཏང་བ་དང་ཏང་གི་བཀའ་དྲིན་ཚོར་བ་བྱས་ཡོད།

པད་མ་དབང་འདུས་ཀྱིས།  ལྷ་ས་གྲོང་ཁྱེར་གྱིས་གནད་དོན་ལ་ཁ་ཕྱོགས་རྒྱུ་དང་གནད་དོན་ལ་དམིགས་ནས་བཅོས་སྒྲིག་མཐའ་འཁྱོངས་བྱེད་པ་དང་།  “ཕྱོགས་ལྔ་བཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་དམིགས་ཏེ་བརྟག་དཔྱད་ཀྱི་ནང་དོན་གཏན་འཁེལ་བྱེད་པ།  ལྷག་པར་དུ་ཟས་གོས་ལ་ལྟ་རྟོག་བྱེད་དགོས་ལ་བསམ་བློའི་སློབ་གསོར་ཡང་དོ་སྣང་བྱེད་དགོས་པའི་གནད་དོན་ལ་དམིགས་པ་བཅས་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་བློ་སློབ་གསོར་ཁྲིད་སྟོན་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་སྟེ་ཆེད་དོན་བརྟག་ཞིབ་བྱས་ཡོད།  རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་དང་ལས་བྱེད་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་དང་ཟུང་འབྲེལ་བྱས་ཏེ།  རྫོང་དང་། ཤང་། གྲོང་ཚོ། དགོན་སྡེ་བཅས་དང་འབྲེལ་གཏུག་དམ་ཟབ་ཀྱིས་ས་བབ་མཐོ་བ་དང་།  རང་བྱུང་ཆ་རྐྱེན་ཞན་པ། ལས་ཀའི་རྨང་གཞི་ཞན་པ་བཅས་སུ་བཅའ་སྡོད་བརྟག་ཞིབ་བྱས་པས།  རྫོང་དང་ཆུས་ཁག་དང་སྡེ་ཚན་ཁག་ཏུ་བརྟག་དཔྱད་སྙན་ཞུ་716དང་།  ཡུལ་དངོས་སུ་ཞིབ་འཇུག་ཇུས་འདོན་དང་དག་ཐེར་དོན་འཁྱོལ་བྱས་པ་བརྒྱུད།  རིམ་རྩིས་བྱས་ན་མང་ཚོགས་ལ་བྱ་བ་དངོས་དང་དཀའ་གནད་2586སྒྲུབ་རོགས་དང་སེལ་རོགས་བྱས་ཡོད་ཅེས་གསུངས་པ་རེད།

བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་།  ལྷ་ས་གྲོང་ཁྱེར་གྱིས་དམངས་ལ་བྱ་བ་དངོས་སྒྲུབ་པ་དང་དག་ཐེར་བྱེད་ཞོར་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད།  པད་མ་དབང་འདུས་ཀྱིས་ངོ་སྤྲོད་གནང་དོན།  བརྟག་ཞིབ་གཏིང་ཟབ་ཀྱིས་གནད་དོན་ཤེས་རྟོགས་བྱེད་པའི་རྨང་གཞིའི་ཐོག་ལྷ་ས་གྲོང་ཁྱེར་གྱིས་རང་ཉིད་ཀྱིས་འཚོལ་བ་དང་།  མང་ཚོགས་ཀྱིས་འདོན་པ། མཉམ་དུ་གྲོས་བསྡུར་བྱེད་པ།  གོང་རིམ་ནས་མཛུབ་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་གནད་དོན་927ལ་རང་བཤེར་དང་ཞིབ་ལྟ་བྱས་པ་དང་།  གོང་རིམ་ནས་སྐོར་གཟིགས་ཞིབ་བཤེར་སོགས་བྱས་པའི་ཚུར་ལན་གནད་དོན་373གསེད་བཀྲོལ་བྱས་པ།  “12345”ཡི་སྲིད་གཞུང་གི་ཞབས་ཞུའི་འབྲེལ་གཏུག་ཁ་པར་ཨང་གྲངས་བརྒྱུད་མང་ཚོགས་ཀྱི་རེ་ཞུ་6907བསྡུ་རུབ་བྱས་པ།  ཀྲུང་དབྱང་གིས་གསལ་སྟོན་བྱས་པའི་ཕྱོགས་8དང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བཏོན་པའི་ཕྱོགས་4ཡི་ཆེད་དོན་བཅོས་སྒྲིག་གི་གནད་དོན་ལ་དམིགས་ནས་གནད་དོན་དག་ཐེར་གྱི་གསལ་ཐོ་བཟོས་ཡོད།  གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ཏེ།  མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་དང་། མང་ཚོགས་ཀྱིས་སེམས་ཁྲལ་ཆེ་ཤོས་བྱེད་པ།  མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པ་བཅས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལ་དམ་པོར་དམིགས་པ་དང་།  དག་ཐེར་བྱེད་རིང་བཅོས་སྒྲིག་བྱེད་པའི་ལས་ཀའི་གསལ་ཐོ་བཟོ་བ།  གྲོང་མི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་འཚོ་བའི་གནད་དོན་ལ་དམིགས་པ།  སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་གཞུང་ལམ་དང་སྲང་ལམ་དོག་པོ་བཅོས་སྒྲིག  གྲོང་ཁྱེར་གྱི་རིག་རྩལ་སྤྱི་གླིང་འཛུགས་སྐྲུན།  འཚོ་བའི་གད་སྙིགས་རིགས་དབྱེ་ཐག་གཅོད་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པར་མིག་སྔར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ།  “རླངས་འཁོར་འགྲོ་སྐྱོད་དཀའ་བ”དང“རླངས་འཁོར་འཇོག་དཀའ་བའི”གནད་དོན་ལ་དམིགས་ཏེ།  “རིག་ལྡན་འགྲིམ་འགྲུལ”རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བར་མིག་སྔར་དུས་མཚམས་རང་བཞིན་གྱི་དག་ཐེར་གྲུབ་འབྲས་ཐོབ་པ་དང་།  གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཞན་པའི་གནད་དོན་ལ་དམིགས་ཏེ་སྨན་བཅོས་མཉམ་འབྲེལ་གཞི་གཅིག་ཅན་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྫོང་ཁོངས་ཀྱི་སྨན་བཅོས་སྒྱུར་བཅོས་དང་རྫོང་དང་ཤང་གཞི་གཅིག་ཅན་འཛུགས་སྐྲུན་ཕྱོགས་ཡོངས་ནས་འགོ་ཚུགས་པ་མ་ཟད།  “རིག་ལྡན་སྨན་བཅོས”བརྒྱུད་མང་ཚོགས་ཀྱི་བསམ་འཆར་མང་བའི་ཨང་ཀི་འགོག་དཀའ་བ་དང་སྨན་བཅོས་རྩིས་ཞུ་དཀའ་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱུང་བ།  “སློབ་ཞུགས་དཀའ་བའི”གནད་དོན་ལ་དམིགས་ཏེ།  “སློབ་མ་ཚད་བརྒལ་གྱི་འཛིན་གྲྭ”མེད་པ་བཟོ་བའི་རྨང་གཞིའི་ཐོག་སློབ་གྲྭའི“སློབ་མ་ཤིན་ཏུ་མང་བའི་འཛིན་གྲྭ”མེད་པ་ནུས་ལྡན་བཟོས་ནས་ལོ་འདིའི་ནང་སློབ་གྲྭ་འབྲིང་ཆུང་55སྐྲུན་པའི་ལས་འགན་ལེགས་གྲུབ་ཐུབ་པའི་འཆར་གཞི་ཡོད།  ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གྱི་མང་ཚོགས་ཀྱི“སྣུམ་བླུགས་དཀའ་བའི”གནད་དོན་ལ་དམིགས་ཏེ།  ཐག་རིང་སྙེ་མོ་རྫོང་མར་རྐྱང་ཤང་དང་། ལྷུན་གྲུབ་རྫོང་ཐང་མགོ་ཤང་།  མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་སོགས་སུ་སྣུམ་སྣོན་ས་ཚིགས་6བསྐྲུན་པར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ལ་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་ཚོར་བར་བྱས་ཡོད།

གོམ་སྟབས་རྗེས་མར།  ཇི་ལྟར་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་རྒྱུའི་སྐོར་ལ་པད་མ་དབང་འདུས་ཀྱིས།  “གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མུ་མཐུད་གཏིང་ཟབ་བྱེད་པ་དང་།  རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ།  ཀྲུང་དབྱང་གི་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་འདོན་རྒྱུ་མཐའ་འཁྱོངས་བྱེད་པ།  སྤྱི་འདོམས་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ།  བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་དང་ཟུང་འབྲེལ་བྱེད་པ་དང་གྲོང་ཁྱེར་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱེད་པ།  ཕྱོགས་གཉིས་ཀ་ནས་དམ་འཛིན་བྱེད་པ་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ།  ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པ་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།