རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་སྐུ་ཚབ་ཚོགས་པས་ཡོ་རོབ་གྲོས་ཚོགས་ལ་འཚམས་འདྲི་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-10-21 11:24:48

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ།  ཟླ་10ཚེས་13ནས་15ཉིན་བར།  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཡོ་རོབ་གྲོས་ཚོགས་ལ་འཚམས་འདྲི་གནང་ཞིང་།  དེའི་རིང་།  སྐུ་ཚབ་ཚོགས་པས་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་མི་ཁག་གཅིག་དང་མཇལ་འཛོམས་གནང་བ་མ་ཟད།  ད་དུང་ས་གནས་དེ་གའི་ཇུས་འདོན་ཚོགས་པའི་མཁས་དབང་དང་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།

ཉི་མ་ཚེ་རིང་གིས།  ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་འཛིན་པའི་མཛད་ཕྱོགས་སྲིད་ཇུས་དང་།  མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་ངོ་སྤྲོད་གནང་ཞིང་།  ཁོང་གིས།  འདི་ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་ལ།  ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་དང་།  རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབད་འཐབ་བཅས་ཀྱི་འོག  བོད་ཀྱིས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་སྤྱད་དེ་རྗེས་ལུས་ནས་ཡར་ཐོན་དང་།  དབུལ་ཕོངས་ནས་ཕྱུག་འགྱུར། སྒོ་རྒྱག་ནས་སྒོ་དབྱེ་བཅས་བར་དུ་བསྐྱོད་དེ།  སྤྱི་ཚོགས་ཀྱི་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་སྤྱི་ཚོགས་ཀྱི་རྣམ་པར་ཡང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་ཅེས་གསུངས་པ་དང་།  ཁོང་རང་ཉིད་ཀྱི་མྱོང་བ་དངོས་དང་ཟུང་འབྲེལ་གྱིས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར།  སྐད་ཡིག་རིག་གནས་རྒྱུན་འཛིན།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་གནས་ཚུལ་གསོན་ཉམས་ལྡན་པའི་སྒོ་ནས་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད།

ཉི་མ་ཚེ་རིང་གིས།  བོད་འབྲེལ་གནད་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་ཀྲུང་གོའི་མི་དམངས་དུང་ཕྱུར་14ཙམ་གྱི་མི་རིཌ་ཀྱི་བརྩེ་དུང་དང་འབྲེལ་བ་ཡོད་པས།  ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་གཙོ་ཆེའི་དོ་ཁུར་ལ་བརྩི་འཇོག་ཏན་ཏིག་བྱས་ཐོག་བོད་འབྲེལ་གནད་དོན་གཟབ་ནན་ངང་ཐག་གཅོད་བྱེད་མཁས་པོ་བྱས་ནས།  ཀྲུང་གོ་ཕྱོཌ་དང་མཉམ་དུ་ཀྲུང་ཡོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཡོ་རོབ་ཕྱོགས་ཀྱིས་བོད་ལ་ཐོབ་པའི་གྲུབ་འབྲས་ཁག་ལ་བསྔགས་བརྗོད་བྱས་པ་དང་ཆབས་ཅིག  ཡོ་རོབ་གྲོས་ཚོགས་དང་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དབར་གྱི་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།