སྔོན་ཆད་ཀྱི་ཆུ་བོ། དེང་གི་ཕྱུག་འགྱུར་འབྱུང་ཁུངས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-10-09 12:55:15

མ་ནག་ཆུ་བེད་ཀྱི་ལྟེ་བའི་ལས་གྲྭ ཆུ་བེད་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།

ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་། ཐོན་སྐྱེད་ཀྱི་འགག་རྩ།  འཕེལ་རྒྱས་ཀྱི་རྨང་གཞི་རེད།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་རིང་ནི་རང་ལྗོངས་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་མེད་པ་ནས་ཡོད་པའི་བར་དང་སྟོབས་ཞན་ནས་སྟོབས་ཆེར་འགྲོ་བའི་བརྒྱུད་རིམ་ཞིག་རེད།

བོད་ཀྱི་ཆུ་རགས་དང་པོ་ཞེས་འབོད་པའི་མ་ནག་ཆུ་བེད་ལྟེ་བའི་ལས་གྲྭ་བསྐྲུན་རྗེས།  མྱང་ཆུ་གཙང་པོའི་ཞིང་ཆུ་འདྲེན་པའི་ནུས་པ་ཆེ་རུ་ཕྱིན་པ་མ་ཟད།  བོད་དབུས་ཀྱི་གློག་དྲའི་གློག་ཤུགས་དཀོན་པའི་གནས་ཚུལ་ཡང་ཞི་ལྷོད་དུ་ཕྱིན་ནས་མྱང་ཆུ་གཙང་པོའི་སྨད་རྒྱུད་ཀྱི་རྫོང་གསུམ་དང་གྲོང་ཁྱེར་གཅིག་གི་འབྲུབ་འགོག་ཚད་གཞི་མཐོ་རུ་ཕྱིན་པ་རེད།

བཅིངས་འགྲོལ་བཏང་བའི་ཐོག་མར་བོད་ལ་ཞིང་ཆུ་འདྲེན་པའི་རང་བྱུང་ཆུ་ཡུར་ཉུང་ཤས་ལས་མེད་ཅིང་།  ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་28ལས་མེད།  གློག་འདོན་ས་ཚིགས་ཆུང་གྲས་གཅིག་རང་ཡོད་པ་དེ་བེད་མེད་དུ་ལུས་ཤིང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲུབ་འགོག་ནུས་པ་སྤྱིའི་ཆ་ནས་མེད་པ་དང་།  མི་དང་ཕྱུགས་ཟོག་གི་འཐུང་ཆུ་གཞི་རྩའི་ཆ་ནས་མི་དང་རྟའི་སྒལ་པར་དབོར་དགོས་ཀྱི་ཡོད།

1978ལོར་རང་སྐྱོང་ལྗོངས་སྲིད་གཞུང་གིས《མྱང་ཆུ་གཙང་པོའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་འཆར་གཞིའི་ལས་འགན་གྱི་ཡི་གེ》དངོས་སུ་ཆོག་མཆན་བཀོད་དེ་གངས་ལྗོངས་ས་མཐོར་གཞི་ཁྱོན་ཆེ་བའི་ཆུ་བཅོས་ཀྱི་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།

1994ལོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས།  བོད་སྐྱོར་འཛུཌ་སྐྲུན་གྱི་ལས་གྲྭ་64གཏན་འབེབས་བྱས་ཤིང་།  དེའི་ནང་མཚོན་བྱེད་རང་བཞིན་གྱི་ལས་གྲྭའི་གྲས་ཤིག་ནི་མ་ནག་ཆུ་བེད་ལྟེ་བའི་ལས་གྲྭ་ཡིན་ཞིང་།  1994ལོའི་ཟླ་9པར་སྐྲུན་འགོ་ཚུགས་ནས་1999ལོའི་ཟླ་12ཀྱི་ཟླ་མཇུག་ཏུ་འཕྲུལ་ཚན་དང་པོ་དྲ་སྦྲེལ་ཐུབ་ནས་གློག་བཏང་བ་རེད།  མིག་སྔར་མ་ནག་ཆུ་བེད་ལྟེ་གནས་ནི་རང་ལྗོངས་ཀྱི་མ་རྩ་གཏོང་ཐེངས་གཅིག་ལ་གཞི་རྒྱ་ཆེ་ཤོས་དང་ཕྱོགས་བསྡུས་ཕན་ནུས་མངོན་གསལ་དོད་ཤོས་ཀྱི་ཆུ་བེད་ལྟེ་བའི་ལས་གྲྭ་ཞིག་རེད།

ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ  ཆུ་བེད་བྱ་གཞག་གི་དམངས་འཚོའི་ཕན་ནུས་མངོན་གསལ་དོད་པ།

ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་བསྐྲུན་རྗེས།  ཤོང་ཚད་བསྡོམས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་12.3ཟིན་ཞིང་།  ཇུས་འགོད་ཚོད་འཛིན་བྱེད་པའི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་65ལས་བརྒལ་བ་དང་།  ལོར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་5.99ཇུས་འགོད་བྱས་ནས་ཁེ་ཕན་ཐོབ་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་།  བོད་དབུས་ཀྱི་གློག་དྲའི་མཁོ་སྤྲོད་ཀྱི་འགལ་ཟླ་ཞི་ལྷོད་དུ་གཏོང་བ།  ལྷ་སའི་སྐྱིད་ཆུའི་འབབ་རྒྱུད་ཀྱི་འབྲུབ་འགོག་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱས་ཏེ།  ལྷ་སའི་སྐྱིད་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་སོགས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་སྲིད།

དུས་རབས་གསར་པར་སླེབས་རྗེས།  ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད།  བསྡོམས་རྩིས་བརྒྱབ་པར་གཞིགས་ན།  བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ཆུ་བེད་ལ་མ་དངུལ་བསྡོམས་སྒོར་དུང་ཕྱུར་500ཙམ་བཏང་ནས་ཆུ་བེད་བྱ་གཞག་གི་འཕེལ་རྒྱས་མྱུར་བའི་དུས་སྐབས་བསུས་ཡོད།

འབྲུ་རིགས་བདེ་འཇགས་འགན་ལེན་བྱ་ཆེད།  རང་ལྗོངས་ཀྱིས“གཙང་པོ་གཅིག་དང་ཆུ་བོ་གཉིས”ཀྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལག་ལེན་བསྟར་ཏེ་ལྕགས་འདམ་འདྲེན་ཁུལ་དང་དེ་བཞིན་གྲུ་གསུམ་ཆུ་མཛོད་དང་ཆུ་མགོ་ཆུ་མཛོད་སོགས་ཆུ་འགོའི་ལས་གྲྭ་ཁག་གཅིག་བསྐྲུན་པ་དང་།  མ་ནག་དང་། མལ་སྟག  ཡར་ཀླུང་བཅས་འདྲེན་ཁུལ་ཆེན་པོ་གསུམ་བསྐྲུན་ཟིན་ནས་ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་གཙོ་གནད་རྫོང་དང་ཆེད་དོན་རྫོང་འཛུགས་སྐྲུན་བྱས་ནས་ལྗོངས་ཡོངས་ཀྱི་ཞིང་ནང་དུ་ཞིང་ཆུ་ནུས་ལྡན་ངང་འདྲེན་པའི་གཞི་ཁྱོན་བཅིངས་འགྲོལ་བཏང་བའི་ཐོག་མའི་མུའུ་ཁྲི་28ནས་མུའུ་ཁྲི་390བར་འཕར་ཡོད།

གློག་ཤུགས་ཅན་གྱི་རྫོང་དང་། གློག་གིས་འབུད་ཤིང་གི་ཚབ་བྱེད་པ།  ནུས་པ་དང་ཤོང་ཚད་ཆེར་གཏོང་།  གློག་མེད་ས་ཁུལ་ལ་གློག་ཤུགས་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས་གྲོང་གསེབ་གློག་ཤུགས་ཀྱི་མི་འབོར་ཁྱབ་ཚད་95%ཡན་ཟིན་ཡོད།

ས་ཁུལ་དང་གྲོང་ཁྱེར་7དང་གཙོ་གནད་རྫོང་གྲོང་55ལ་གཅིག་རྗེས་གཉིས་མཐུད་ངང་ལོ་30ནས་ལོ་100བར་ལ་ཐེངས་གཅིག་འཕྲད་སྲིད་པའི་འབྲུབ་འགོག་ཆུ་རགས་ཚད་ལྡན་བསྐྲུན་པ་དང་འབྲུབ་འགོག་ཆུ་རགས་ཀྱི་རིང་ཚད་བསྡོམས་སྤྱི་ལེ་972ཟིན་ཞིང་།  རྫོང་74ལ་ཤྭ་འོད་གནོད་འཚེ་འགོག་བཅོས་ཀྱི་ལས་གྲྭ་མིན་པའི་བྱེད་ཐབས་ལག་ལེན་བསྟར་ནས་མི་འབོར་ཁྲི་88ལ་ཐད་ཀར་ཕན་པ་ཐོབ་ཡོད།

ལ་ལྷོ་ཆུ་བེད་ལྟེ་བའི་ལས་གྲྭ ཆུ་བོ་ཕྱུག་འགྱུར་གྱི་འབྱུང་ཁུངས་སུ་གྱུར་པ།

ལ་ལྷོ་ཆུ་བེད་ཀྱི་ལྟེ་བའི་ལས་གྲྭ་དང་དེ་བཞིན་ལེ་ལག་ཚང་བའི་འདྲེན་ཁུལ་ལས་གྲྭ་ནི་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་དང་མཁོ་འདོན་གྱི་གཙོ་གནད་ཆུ་བེད་ལས་གྲྭ་172ཡིན་ལ།  བོད་དུ་ད་བར་མ་དངུལ་མང་ཤོས་བཏང་བའི་ཆུ་བེད་ལས་གྲྭའང་ཡིན་པས།  མངོན་གསལ་དོད་པའི་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ལྡན་ཡོད།

ལ་ལྷོ་ལས་གྲྭས་ཞིང་ཆུ་གཙོ་བོར་འདྲེན་པ་དང་།  ཆུ་མཁོ་འདོན་དང་གློག་ཤུགས་དང་འབྲུབ་འགོག་ཀྱང་བྱེད་ཀྱི་ཡོད་པ་མ་ཟད། སེང་གེ་རྩེ་དང་།  འཕྲེད་གཞུང་། ཆུ་མིག  ཉི་རི་གཞུང་བཅས་འདྲེན་ཁུལ་ཆེན་པོ་བཞིར་ཆུ་མཁོ་འདོན་བྱེད་པ་དང་ཞིང་ཆུ་ཚོད་འཛིན་གྱི་རྒྱ་ཁྱོན་མུའུ་ཁྲི་45.39ཟིན་ནས་ལོར་ཆ་སྙོམས་ཞིང་ཆུ་འདྲེན་པའི་ཕན་འབྲས་སྒོར་དུང་ཕྱུར་2.4ཟིན་ཡོད།  ལོ་ལྟར་བོད་དབུས་ཀྱི་གློག་དྲར་གློག་ནུས་ཏུའུ་དུང་ཕྱུར་0.85མཁོ་འདོན་བྱེད་ཀྱི་ཡོད་པ་དང་དབུལ་སྐྱོར་གནས་སྤོས་ལ་ཆ་རྐྱེན་སྐྲུན་ཐུབ་ཅིང་།  ཕྱི་འོང་ཞིང་ལས་མི་འབོར་ཁྲི་4.1བཀོད་སྒྲིག་ཐུབ་པ་དང་འབྲེལ་ས་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་ཐུབ་ཀྱི་ཡོད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་ནས་བཟུང་།  རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ས་ཁུལ་དབུལ་པོའི་ཞིང་འབྲོག་མང་ཚོགས་ཀྱི་འཐུང་ཆུ་དང་།  ཞིང་ཆུ།  འབྲུབ་འགོག་སོགས་ཐད་ཀྱི་གནད་དོན་ལ་དམ་པོར་དམིགས་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་དང་།  ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་སྒྲིག་བཀོད།  གཟན་རྩྭ་དང་གཟན་ཆག་རྟེན་གཞི་སོགས་རིགས་15ཡི་ཆུ་བེད་ལས་གྲྭ་ལག་ལེན་བསྟར་ནས་མ་དངུལ་བསྡོམས་སྒོར་དུང་ཕྱུར་165.18བཏང་སྟེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་གི་ལས་དོན་གཙོ་གནད་སྤེལ་ནས་རྒྱལ་ཁབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་43.28ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  མིག་སྔར་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མིན་པའི་གནད་དོན་ཚང་མ་ཐག་གཅོད་བྱས་ཟིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།