བོད་ཀྱི་ནས་ཟས་ཧྲང་ཧའེ་དང་། པེ་ཅིང་། ཀོང་ཀྲོའུ་བཅས་ཀྱི་མི་སེར་གྱི་གསོལ་ལྕོག་ཐོག་མཐོང་རྒྱུ་ཡོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-10-09 12:55:14

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ།  ད་ལྟ་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་ནས་ཀྱི་ལོ་ལེགས་བསྡུ་བའི་དུས་ཡིན་སྟབས་གསར་འགོད་པས་རྒྱལ་རྩེ་རྫོང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོ་ནས་ལོ་46ལ་སླེབས་པའི་གྲོང་མི་མིག་དམར་གྱིས་བརྔ་བསྡུ་འཕྲུལ་འཁོར་བཏང་སྟེ་ནས་བརྔ་བཞིན་པ་མཐོང་བྱུང་།

མིག་དམར་གྱི་ངོ་གདོང་ནས་རྔུལ་ཆུའི་ཐིགས་པ་ལྷུང་བཞིན་ཡ་མཚན་ཆེན་པོས་གསར་འགོད་པར“ནང་སའི་གྲོང་ཁྱེར་ཆེ་མོའི་མིས་ཀྱང་ནས་ཟས་ཟ་རྒྱུར་དགའ་པོ་ཡོད་དམ”ཞེས་བྲིས་བྱུང་།

བོད་དང་ས་ཐག་རིང་བའི་ཧྲང་ཧའེ་རུ་ཉེ་བའི་ལོའི་ནང་ཇའི་བཏུང་བྱ་སྤུས་རྟགས་ཤིག་གིས“ནས་ཀྱི་འོ་ཇ”བཏོན་པས་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང་ཡོད།  དེའི་དབང་གིས་སྤུས་རྟགས་དེས་འདི་ལོ་རྒྱལ་རྩེའི་ནས་ཏུན་300ཉོ་རྩིས་ཡོད་པ་རེད།

འདི་ནི་བོད་དང་ཧྲང་ཧའེ་ས་གནས་གཉིས་ཀྱིས་ན་ནིང་ནས་བཟུང་ལག་བསྟར་བྱས་པའི“འཛད་སྤྱོད་དབུལ་སྐྱོར”ཡིན་པ་དང་དེས་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་འགྱུར་ལྡོག་གསར་པ་ཡོང་རྒྱུར་རམ་འདེགས་ཆེན་པོ་བྱུང་ཡོད།  ཞིང་ལས་ཐོན་ཟོག་ལས་སྣོན་མཁོ་སྤྲོད་ཚོང་པས་ཞིང་པའི་ལག་ནས་ནས་ཉོས་པ་དང་།

 དེ་དག་ཟ་བཏུང་ཁེ་ལས་ལ་རག་རྗེས་གསར་གཏོད་ཚལ་གྲས་སུ་བཅུག་གི་ཡོད།  དེ་རྗེས་དྲ་སྦྲེལ་གྱི་ཟས་འདེམས་ལས་སྟེཌ་ཐོག་བཏོན་ནས་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ་སྤྱི་ཕན་གྱི་ཚལ་རིགས་དེ་དག་སྔོན་ལ་ནང་སའི་གྲོང་ཁྱེར་གྱི་འཛད་སྤྱོད་པར་མཁོ་འདོན་བྱེད་ཀྱི་ཡོད།  དེ་ལྟར་བོད་ཀྱི་ནས་ཧྲང་ཧའེ་དང་། པེ་ཅིང་།  ཀོང་ཀྲོའུ་བཅས་ཀྱི་མི་སེར་གྱི་གསོལ་ལྕོག་ཐོག་མཐོང་རྒྱུ་ཡོད།

རྒྱལ་རྩེར“གཙང་གི་འབྲུ་མཛོད”ཅེས་བརྗོད་སྲོལ་ཡོད་པས་བོད་ཀྱི་ནས་ཀྱི་ཐོན་ཁུལ་གཙོ་བོ་ཡིན་ལ།  བོད་ཀྱི་སོན་བཟང་ནས་རྒྱུད་སྤེལ་གྱི་རྟེན་གཞི་གཙོ་བོའི་གྲས་ཤིག་ཀྱང་ཡིན།  ཉེ་བའི་ལོ་ཤས་རིང་།  རྒྱལ་རྩེ་རྫོང་གི་ནས་ཀྱི་མུའུ་རེའི་ཐོན་འབབ་དང་སྤྱིའི་ཐོན་འབབ་ཚང་མ་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད།  འོན་ཀྱང་ནས་ཀྱི་ཟུར་བསྣན་རིན་ཐང་དམའ་བའི་དབང་གིས་ཞིང་པའི་འབབ་འཕར་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།  “ལས་སྣོན་ཞིབ་ཚགས་དང་ཕྱིར་ཚོང་བྱེད་པར་ང་ཚོས་ད་དུང་རྣམ་པ་གསར་པ་འཚོལ་ཞིབ་བྱེད་བཞིན་ཡོད”ཅེས་རྒྱལ་རྩེ་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ཕན་གྱིས་དེ་ལྟར་བརྗོད།

ཧྲང་ཧའེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་མཛུབ་ཁྲིད་འོག་ཧྲང་ཧའེ་ཡི་ཁེ་ལས་མེ་ཐོན་དཔྱད་བརྗོད་ཚོགས་པས་ན་ནིང་ཟླ་7པ་ནས་བཟུང“མཐོ་རྒྱང་ལ་རམ་འདེགས”ཞེས་པའི་ཞིམ་ཟས་འཛད་སྤྱོད་ཀྱི་དབུལ་སྐྱོར་སྤྱི་ཕན་རྣམ་གྲངས་བཏོན་ནས“མཐོ”དང“རྒྱང”ས་ཁུལ་གྱི་ལྷད་མེད་ཟས་རྒྱུ་འཚོང་རོགས་བྱས་ཏེ་ས་གནས་དེ་གའི་ཞིང་པའི་འབབ་འཕར་དབུལ་སྒྲོལ་ལ་རམ་འདེགས་བྱེད་ཀྱི་ཡོད་པ་རེད།

འདི་ལོའི་ཟླ་8པའི་ཟླ་མཇུག་ནས་བཏོན་པའི་ཁག་གཉིས་པའི་དབུལ་སྐྱོར་སྤྱི་ཕན་རྣམ་གྲངས་ཀྱིས་ཟླ་གཅིག་མ་འགོར་བར་ནས་ཀྱི་ཟས་རིགས་2800ལྷག་ཙམ་འཚོང་རོགས་བྱས་པས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་51ལྷག་ཙམ་བྱུང་ཡོད།

དབྱང་ཅན་ཧུའེ་ཟ་བཏུང་ཀུང་སིའི“མཐོ་རྒྱང་ལ་རམ་འདེགས”རྣམ་གྲངས་ནང་ཞུགས་ཐེངས་དང་པོ་ཡིན།  ཀུང་སི་དེས་ན་ནིང་གི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བཏོན་པའི“གླང་ཤའི་ནས་ཐུག་སྐྱུར་མོ”དེ་ཀོང་ཀྲོའུ་ཡི་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཡོད།  “ཚལ་རིགས་སྣ་ཁ་100ལྷག་ཙམ་ཁྲོད་བྲིན་ཚད་མདུན་གྲལ་དུ་སླེབས་ཡོད།  མིག་སྔར་ཀུང་སིས་ནས་ཀྱི་ཤ་མོག་སོགས་ཀྱི་ཚལ་རིགས་གསར་སྤེལ་བྱེད་པར་བསམ་བློ་གཏོང་བཞིན་ཡོད་པ་རེད”ཅེས་དབྱང་ཅན་ཧུའེ་ཡིས་བཤད།

ན་ནིང་མིག་དམར་ཁྱིམ་གྱི་མུའུ་14ཡི་ཐོན་འབབ་དག་ཁྲོམ་རའི་གོང་ཚད་ཀྱི་20%ལས་མཐོ་བའི་ཐོག་ནས་བཙོངས་ཐུབ་པས་ཁྱིམ་ཚང་ལ་འབབ་འཕར་ཐོལ་པ་སྒོར་ལྔ་སྟོང་དྲུག་སྟོང་བྱུང་ཡོད།  “འདི་ལོ་ལོ་ལེགས་སྔར་བཞིན་ཡག་པོ་བྱུང་བས་གོང་ཚད་དེ་བས་མཐོ་བ་རག་གི་རེད”ཅེས་མིག་དམར་གྱིས་བཤད།

རྒྱལ་རྩེ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཁག་དགུ་པའི་ཧྲང་ཧའེ་བོད་སྐྱོར་ལས་བྱེད་པ་ཀྲང་དབྱི་ཡིས་གསར་འགོད་པར།  དབུལ་སྐྱོར་གྱི་རྣམ་པ་དེ་རིགས་བརྒྱུད།  དྲ་སྦྲེལ་ཁེ་ལས་ཀྱི་ལས་སྟེགས་སྤྱོད་མཁན་མང་དུ་སོང་བ་དང་།  བཟའ་བཏུང་ཁེ་ལས་ཀྱི་ཚལ་རིགས་སྣ་ཁ་ཕུན་སུམ་ཚོགས་སུ་དང་སྤུས་རྟགས་ཀྱི་གཟུགས་བརྙན་དེ་བས་ལེགས་སུ་ཕྱིན་པ།  ནང་སའི་གྲོང་ཁྱེར་མི་སེར་གྱི་གསོལ་ལྕོག་ཐོག་ཚལ་རིགས་དེ་བས་སྣ་ཁ་ཕུན་སུམ་ཚོགས་དུ་ཕྱིན་པ།  ནས་འདེབས་ཞིང་པའི་ཡོང་འབབ་མང་དུ་ཕྱིན་པ་བཅས་ནི་དངོས་གནས་གཅིག་གོ་བཞི་ཆོད་ཀྱི་བྱེད་ཐབས་གསར་པ་ཞིག་རེད་ཅེས་བཤད།

“ང་ཚོས་འཛད་སྤྱོད་ཀྱི་དབུལ་སྐྱོར་བྱེད་ཐབས་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་རྩེའི་དབུལ་ཞྭ་ཕུད་ཐུབ་པ་བྱུང་རྗེས་དབུལ་སྒྲོལ་བརྟན་པོ་ཐུབ་རེ་ཡོད”ཅེས་ཀྲང་དབྱི་ཡིས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།