དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-30 09:54:06

སྣོད་བཅུད་ཁོར་ཡུག་བཟང་པོ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་རང་བྱུང་དངོས་རྫས་ཀྱི་རྨང་གཞི་ཡིན་པ་དང་།  བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་ལ་སའི་གོ་ལའི་སྣེ་གསུམ་པ་དང་།  གོ་ལ་ཧྲིལ་པོའི་གནམ་གཤིས་སྙོམས་སྒྲིག་ཡོ་ཆས། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག  དངོས་རིགས་ཀྱི་ས་བོན་མཛོད་བཅས་ཡིན་པས།  བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པར།  མཚོ་བོད་ས་མཐོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ།  གོ་ལ་ཧྲིལ་པོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།

“མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད”ཅེས་དང“འཛམ་གླིང་གི་དག་ཞིང་མཐའ་མར་སྲུང་སྐྱོང་ཡག་པོ་བྱེད་དགོས”སོགས་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པས་རྒྱལ་ཡོངས་སྣོད་བཅུད་མ་ལག་ཁྲོད་བོད་ཀྱི་སྣོད་བཅུད་ཀྱི་འཐབ་ཇུས་གནས་བབ་དང་བོད་ཀྱི་སྣོད་བཅུད་ཀྱིས་རྒྱལ་ཡོངས་ཀྱི་སྣོད་བཅུད་བདེ་འཇགས་ལ་ཐོན་པའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བས།  བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད།  ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དེ་ལྗོངས་ཡོངས་ཀྱི“དོན་ཆེན་གསུམ”གྱི་གྲས་ཤིག་ཏུ་བརྩིས་ནས་ཚན་རིག་དང་མཐུན་པའི་འཆར་འགོད་དང་།  ཕྱོགས་ཡོངས་ནས་བཀོད་སྒྲིག སྐུལ་འདེད་ཤུགས་ཆེན་བཅས་བཏང་ཡོད།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི“མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི”ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་སྔར་འབྱུང་མྱོང་མེད་པའི་མཐོང་ཆེན་བྱེད་ཤུགས་དང་།  མ་དངུལ་འཇོག་ཤུགས། ལས་དོན་སྤེལ་ཤུགས།  དམངས་ལ་ཕན་ཤུགས་བཅས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད།  སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལག་ལེན་གཏིང་ཟབ་བསྟར་ཅིང་།  སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  སྣོད་བཅུད་ཁ་གསབ་ལམ་སྲོལ་རིམ་གྱིས་འཐུས་སྒོ་ཚང་དུ་བཏང་བ་དང་།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་ཀྱི་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ།  གཙང་པོ་དང་ཆུ་བོའི་ཆུ་འགོའི་ཁུལ་དང་། རྩྭ་ཐང་། མཚོ། འདམ་ར། རང་བྱུང་ནགས་ར།  ཆུའི་སྣོད་བཅུད། ས་གཤིས་ཀྱི་རྗེས་ཤུལ།  སྐྱེ་དངོས་སྣ་མང་རང་བཞིན་བཅས་སྲུང་སྐྱོང་ནུས་ལྡན་བྱས་པ།  རྒྱལ་ཁབ་ས་ཆའི་སྔོ་འགྱུར་བྱ་སྤྱོད་གཏིང་ཟབ་སྤེལ་བ།  ཆ་རྐྱེན་འཛོམས་པའི་ས་ཁུལ་དུ“ལྗོན་ཤིང་མེད་པའི་དུད་ཚང”ལ་ལྗོན་ཤིང་འདེབས་པའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པ་བཅས་ལས།  ནགས་ཚལ་ཁྱབ་ཚད་12.14%ཟིན་པ་དང་།  རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་བཟུང་བ།  གཙོད་དང་། འབྲོང་།  ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་རིགས་125དང་བོད་ཀྱི་དམིགས་བསལ་རི་སྐྱེས་རྩི་ཤིང་སྣ་ཁ་855སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།  སྣོད་བཅུད་སྲུང་སྐྱོང་གི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཅིང་།  ཐོན་ཁུངས་གསར་སྤེལ་དང་སྤྱོད་ཤུགས་ལ་ཚོད་འཛིན་ནན་པོ་བྱས་ཏེ་གསར་སྤེལ་བྱ་མི་ཆོག་པ་དང་།  གསར་སྤེལ་ཐད་ཚོད་འཛིན་བྱེད་པ།  གཙོ་གནད་གསར་སྤེལ་བྱེད་པ་བཅས་ཁྱབ་ཁོངས་གསུམ་ལ་ཕྱེ་ནས་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས”ལག་བསྟར་བྱས་ཡོད།  ཁོར་ཡུག་ཁྲིམས་འཛིན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་།  ལྗང་མདོག་གི་རྒྱུན་མཐུད་འཕེལ་རྒྱས་ལམ་བུར་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཡོད།  དགུང་སྔོན་སྲུང་སྐྱོང་དམག་འཐབ་དང་། ཆུ་དྭངས་སྲུང་སྐྱོང་དམག་འཐབ།  ས་གཙང་སྲུང་སྐྱོང་དམག་འཐབ་བཅས་སྲུང་སྐྱོང་དམག་འཐབ་ཆེ་མོ་གསུམ་ཡག་པོ་མཐའ་གཅིག་ཏུ་བརྒྱབ་ཡོད།  སྣོད་བཅུད་དམངས་ཕན་འདུ་འགོད་ལག་བསྟར་བྱས་ཏེ་སྡོད་མལ་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་དང་།  སྣོད་བཅུད་ཁ་གསབ་སྲིད་ཇུས་དོན་འཁྱོལ།  སྣོད་བཅུད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཧུར་ཐག་བཅས་བྱས་ཡོད། 2018ལོའི་ལོ་མཇུག་བར།  རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་སྣོད་བཅུད་ཁ་གསབ་ཀྱི་མ་དངུལ་སྒོར་དུང་ཕྱུར་316གཤམ་ལ་སྤྲད་པ་དང་སྣོད་བཅུད་ལས་གནས་ཁྲི་66.7བར་མང་དུ་བཏང་ཡོད།  མིག་སྔར་བོད་ནི་སྔར་བཞིན་འཛམ་གླིང་ཐོག་གི་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

ཀྲུང་གོ་གསར་པའི་པང་དུ་བོད་ཀྱི་དགུང་སྔོན་དང་། སྤྲིན་དཀར། ཆུ་དྭངས། རྩྭ་ལྗང་།  ནགས་ཚལ་བཅས་མཐའ་དག་ལས་མི་རིགས་ཁག་གི་མི་དམངས་ཀྱི་བདེ་རྩ་འཕེལ་བ་དང་།  ཁམས་གཙང་བའི་མཁའ་རླུང་དང་།  གཙང་སྦྲ་དོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཁོར་ཡུག  སྔོ་ལྗང་ཅན་གྱི་གྲོང་སྡེ།  མེ་ཏོག་རྣམ་པར་བཀྲ་བའི་སྒོ་ར་བཅས་ཡོད་དོ་ཅོག་གིས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བར་མཛེས་རྒྱན་སྤྲས་ཡོད།  དེ་དག་ཚང་མ་རང་རེའི་ཏང་གིས་བོད་དུ་ལག་ལེན་བསྟར་བའི་སྣོད་བཅུད་སྲིད་ཇུས་དང་བོད་ཀྱི་སྣོད་བཅུད་འཛུགས་སྐྱོང་ལ་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་བ་ལས་བྱུང་བ་ཞིག་རེད།  འདི་བོད་རྙིང་པའི་བཙོག་ཆུ་གང་སར་འཁྱིལ་ཞིང་གད་སྙིགས་རི་ལྟར་སྤུངས་པ་དང་བསྡུར་བ་མངོན་གསལ་དོད་པོ་ཆགས་པ་དང་དེས“བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་བཏང་བ་སྨྲ་བར”སུན་འབྱིན་ནུས་ལྡན་བྱས་ཡོད།

སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་བཅོལ་བའི་ཐུགས་རེ་ཟབ་མོ་ཡིན་ལ།  ཀུན་ལ་ཕན་ཐོགས་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཞིག་ཀྱང་རེད།  དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་པ་རྩོམ་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྣོད་བཅུད་ཤེས་དཔལ་དགོངས་པ་མཛུབ་སྟོན་དུ་མཐའ་འཁྱོངས་བྱས་ནས་སྔོ་ཞིང་དྭངས་པའི་རི་ཆུ་ཀླུང་གསུམ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཚང་མ་གསེར་རེ་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་།  སྔོན་ལ་སྲུང་སྐྱོང་བྱེད་པ་མཐའ་འཁྱོངས་དང་།  གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན། སྒྱུར་བཅོས་གསར་གཏོད་འབུར་དུ་ཐོན་པ།  ཁྲིམས་ལྟར་ལྟ་སྐུལ་དོ་དམ་ལ་སྣང་ཆེན། དམངས་ཡོངས་ཀྱི་མཉམ་བཅོས་ལ་སྐུལ་འདེད་གཏོང་བ།  རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བཅས་བྱས་ཏེ།  འཛམ་གླིང་གི་དག་ཞིང་མཐའ་མ་འདིར་སྲུང་སྐྱོང་ཏན་ཏིག་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོ་བསྐྲུན་ཡོད།  རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་རླུང་ཁམས་ཆེ་མོ་དང་། ཆུ།  ས་རྒྱུ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་མི་སེར་ཉེ་འགྲམ་གྱི་སྣོད་བཅུད་ཁོར་ཡུག་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས།  རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ལག་བསྟར་བྱས་ནས་སྤྱི་ཡོངས་སྲུང་སྐྱོང་དང་།  མ་ལག་ཉམས་གསོ། ཕྱོགས་བསྡུས་བཅོས་སྒྲིག་བཅས་ལ་སྐུལ་འདེད་གཏོང་དགོས།  ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་རི་བོ་སྔོ་ཞིང་། ཆུ་མོ་དྭངས་བ་དང་།  མཁའ་རླུང་རྟག་ཏུ་གཙང་མ་ཡོང་བར་བྱེད་དགོས།  སྣོད་བཅུད་ལ་བརྟེན་ནས་དམངས་ཕན་དམངས་བདེར་སྐུལ་འདེད་ཤུགས་ཆེན་བཏང་སྟེ།  མང་ཚོགས་སྔར་ལས་མང་བར་སྣོད་བཅུད་ལ་བརྟེན་ནས་ལས་ཀ་རག་པ་དང་སྣོད་བཅུད་ལ་བརྟེན་ནས་ཡོང་འབབ་རག་པ་བྱེད་དགོས།  སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་།  སྣ་མང་གི་ཁོར་ཡུག་སྲུང་སྐྱོང་མ་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།  སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་འབུལ་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།