ལྷུན་རྩེ་རྫོང་གི་ཏང་ཡོན་ཁེ་ལས་མཁས་ཅན་བག་གྲོ་རྒན་པའི་དབུལ་སྐྱོར་དཀའ་སེལ་གྱི་གཏམ་རྒྱུད།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-20 17:51:52

ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ་བག་གྲོ་རྒན་པ་ནི་མི་ཀུན་གྱིས་བསྔགས་བརྗོད་བྱེད་པའི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཡིན་ལ་དབུལ་སྐྱོར་དཀའ་སེལ་གྱི་ཏང་ཡོན་ཁེ་ལས་མཁས་ཅན་ཞིག་ཀྱང་རེད།

1966ལོར།  བག་གྲོ་རྒན་པ་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་སྦྲ་སྒོར་གྲོང་ཚོའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས་ཤིང་།  འཚོ་བའི་དགོས་མཁོས་རྐྱེན་པས་སྔ་ས་ནས་ཕྱིར་གླ་པ་རྒྱུག་ནས་ཡོང་འབབ་གསོག་པར་བསྐྱོད་ཡོད།

1997ལོའི་རྗེས་སུ།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་བསྟུན་ངལ་ནུས་ཁྲོམ་ར་དར་འགོ་ཚུགས་ཡོད།  ཚོང་ལས་ཀྱི་ཚོར་སྣང་སྐྱེན་པའི་བག་གྲོ་རྒན་པས་གླ་པ་ཁོ་ན་བྱས་ནས་མ་བསྡད་པར་ཕ་ཡུལ་དུ་ལོག་ནས་གྲོང་ཚོའི་ནང་གི་གཞོན་དར་སྒྲིག་འཛུགས་བྱས་ཏེ་འཛུགས་སྐྲུན་ཁག་གཅིག་འགན་གཙང་བླངས་པ་དང་།  1999ལོར་སྦྲ་སྒོར་གྲོང་ཚོའི་ཞིང་པའི་ཨར་ལས་རུ་ཁག་གཞི་རྩའི་ཆ་ནས་གྲུབ་ཡོད་པ་རེད།

དེ་རྗེས།  བག་གྲོ་རྒན་པའི་བྱ་གཞག་རིམ་པས་སྟོབས་ཆེར་སོང་ནས་ཐོག་མའི་མི་བདུན་བརྒྱད་ནས་ད་ཆའི་མི་གྲངས་650བར་འཕེལ་རྒྱས་བྱུང་སྟེ་འཛུགས་སྐྲུན་ཨར་ལས་དང་།  གསོལ་མགྲོན་ཞབས་ཞུ། དྲོད་ཁང་ཆེ་མོའི་འདེབས་འཛུགས། བཞོན་མ་གསོ་ཚགས།  ཚོང་དོན་སྡེབ་ཚོང་སོགས་གཞི་གཅིག་ཅན་གྱི་ཐོན་ལས་ཚོགས་པ་ཞིག་ཏུ་གྱུར་ཡོད།

2005ལོར། བག་གྲོ་རྒན་པ་གཟི་བརྗིད་ལྡན་པའི་ངང་ཏང་ལ་ཞུགས་ཤིང་།  ཚོགས་པའི་གོང་བུ་འགྲིལ་ཤུགས་དང་གདོང་ལེན་དཔེ་བཟང་གི་ནུས་པ་ཆེ་རུ་གཏོང་ཆེད།  ཁོང་གིས་རང་འགུལ་ངང་འདུན་ཞུ་ཕུལ་ཏེ་ལྷུན་རྩེ་རྫོང་གི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་ཀྲི་པུའུ་ཨང་དང་པོ་སྟེ།  སྦྲ་སྒོར་ཞིང་འབྲོག་པའི་ཨར་ལས་རུ་ཁག་གི་ཏང་ཀྲི་པུའུ་བཙུགས་ནས་ནང་ཁུལ་གྱི་མཐུན་སྒྲིལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཚང་མ་རྡོག་རྩ་གཅིག་སྒྲིལ་ཡོང་བ་བྱས་ཡོད།

མི་དེ་བས་མང་བར་ཐོན་ལས་འཕེལ་རྒྱས་ཀྱི་ཁྲོད་ནས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་པར་བྱ་ཆེད།  བག་གྲོ་རྒན་པའི་ཨར་ལས་རུ་ཁག་གིས་དུད་ཚང་དབུལ་པོའི་མི་གྲངས་100ལྷག་ཙམ་ལས་ཞུགས་ཐུབ་པ་བྱས་ཏེ་མི་རེར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ཙམ་ཡོང་གི་ཡོད།

དེས་མ་ཚད་ད་དུང་ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མ་བརྗེད་པའི་དཔེ་ལྟར་བག་གྲོ་རྒན་པས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་རོགས་རམ་བྱེད་པ་དང་སློབ་གསོའི་ལས་དོན་ལ་རོགས་རམ་བྱེད་པའི་ནང་ཧུར་ཐག་ཞུགས་ཡོད།

ཁོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁྱོན་རིན་ཐང་སྒོར་ཁྲི་655རི་བའི་དངོས་ཟོག་ཞལ་འདེབས་ཕུལ་བ་དང་།  མ་རྩ་སྒོར་ཁྲི་100ལྷག་ཙམ་བཏང་ནས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་དང་།  ལམ་བཟོ་བ། མང་ཚོགས་དབུལ་པོ་བཅས་ལ་འཚམས་འདྲི་ཞུས་པ།  མ་རྩ་སྒོར་ཁྲི་150ལྷག་ཙམ་བཏང་ནས་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་ཁྲིད་ཁོར་ཡུག་ལེགས་སུ་བཏང་བ།  མ་རྩ་སྒོར་ཁྲི་20ལྷག་ཙམ་བཏང་ནས་སློབ་མ་དབུལ་པོ་སློབ་གྲྭར་བསྐྱོད་རྒྱུར་རོགས་རམ་བྱས་པ།  མ་རྩ་སྒོར་ཁྲི་400བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དུད་ཚང་དང་འགན་ལེན་ལྔའི་དུད་ཚང་40ལྷག་ཙམ་ལ་ཁང་པ་གསར་པ་རྒྱག་པ་དང་ཉམས་གསོ་བྱེད་རོགས་བྱས་ཡོད།

2016ལོའི་ཟླ་6པར།  ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་གྱི་ཡུལ་མི་ཚེ་རིང་དབང་རྒྱལ་སྡོད་སའི་ཁང་པ་རྙིང་པར་ཆུ་འཛགས་ནས་ཉམས་གསོ་ཐེངས་འགའ་བྱས་ཀྱང་ཕན་ཐོགས་བྱུང་མེད།  འོན་ཀྱང་ཁང་པ་གསར་པ་ཞིག་རྒྱག་པར་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་དེ་ཙམ་ལེགས་པོ་མེད་པའི་ཚེ་རིང་དབང་རྒྱལ་གྱི་ངོས་ནས་བརྗོད་ན་ལས་སླ་པོ་ཞིག་གཏན་ནས་མིན།  “བག་གྲོ་རྒན་པས་ངའི་ཁྱིམ་གྱི་གནས་ཚུལ་ཤེས་རྗེས་གྲོང་ཚོའི་ལས་བྱེད་པ་དང་ཞིབ་བསྡུར་བྱས་ནས་ཉིན་གཉིས་པར་ང་ལ་འཛུགས་སྐྲུན་གྱི་རྒྱུ་ཆ་བསྐྱལ་བ་མ་ཟད།  ད་དུང་ཨར་ལས་རུ་ཁག་ལ་ངའི་ཁང་པ་གསར་རྒྱག་བྱེད་བཅུག་པ་བསམ་ཡུལ་ལས་འདས་སོང”དེར་བརྟེན་ཁོང་གིས་སེམས་གཏིང་ནས་བག་གྲོ་རྒན་པར་བཀའ་དྲིན་གྱི་བསམ་པ་བཅངས་བཞིན་ཡོད།

ད་ཆ་བག་གྲོ་རྒན་པའི་བྱ་གཞག་ལ་གྲུབ་འབྲས་ཐོབ་ཀྱང་ཁོང་ལས་འཁྱུར་མ་བྱས་པར་སྔར་བཞིན་མང་ཚོགས་ཀྱི་ཆེད་སེམས་ནུས་ཡོད་རྒུ་བཏོན་ནས་ཁེ་ལས་འཕེལ་རྒྱས་དང་དབུལ་སྐྱོར་དཀའ་སེལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་ཡོད།  ཁོང་གིས“ངའི་ཡོད་ཚད་ཏང་གིས་གནང་བ་ཞིག་རེད།  ཚང་མ་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་ངའི་སེམས་ནུས་ཐམས་ཅད་ཐོག་མའི་བསམ་འདུན་ཡིན་པའི་དབུལ་སྐྱོར་དཀའ་སེལ་གྱི་ལས་ལ་གཞོལ་རྒྱུ་ཡིན”ཞེས་བརྗོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།