ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་ཁོང་དུ་བརྟན་པོར་ཆུད་པ་བྱེད་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-09-09 10:40:47

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུར་དམིགས་ནས་ལྟ་བ་གལ་ཆེན་དང་ཆོད་གཏམ་གལ་ཆེན་རབ་དང་རིམ་པ་བཏོན་ཏེ་དར་ཆ་གང་ཞིག་སྒྲེང་བ་དང་།  ལམ་གང་ཞིག་ཏུ་སྐྱོད་པ།  དམིགས་ཚད་གང་ཞིག་གི་ཕྱོགས་སུ་མདུན་སྐྱོད་བྱེད་པ་སོགས་ཐད་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་དངོས་ཡོད་གནད་དོན་ལ་གཅིག་སྡུད་ཐོག་གསལ་འགྲེལ་བསྐྱོན་ཡོད།  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ནང་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་རྩ་བའི་ལངས་ཕྱོགས་དང་།  འབད་འཐབ་དམིགས་ཚད། འཐབ་ཇུས་བཀོད་སྒྲིག འགོ་ཁྲིད་སྟོབས་ཤུགས། རྩ་བའི་སྒུལ་ཤུགས།  ངོ་བོའི་བླང་བྱ། ཆབ་སྲིད་འགན་ལེན།  ནུས་པ་འཛུགས་སྐྱོང་བཅས་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་དུས་རབས་གསར་པའི་བོད་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་སྟོབས་དང་ལྡན་པའི་བསམ་བློའི་ཐུན་མོང་གི་ངོས་འཛིན་དང་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། 

 དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར།  མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པའི་རྩ་བའི་ལངས་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པའི་གནས་བབ་ཐོག་བཞག་ནས།  མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དེ་ང་ཚོའི་འབད་འཐབ་དམིགས་ཚད་དུ་བརྩིས་ཏེ་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་གཏོད་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཐུན་མོང་ཕྱུག་འགྱུར་མངོན་འགྱུར་བྱེད་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་དགོས་པ་མ་ཟད།  ཐོག་མཐའ་བར་གསུམ་དུ་མང་ཚོགས་ལམ་ཕྱོགས་དེ་ཏང་གི་སྲོག་རྩ་དང་གཞི་རྩའི་ལས་དོན་གྱི་ལམ་ཕྱོགས་ལ་བརྩི་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འབད་འཐབ་དམིགས་ཚད་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱིས་ཀྲུང་ཧྭའི་བུ་ཕྲུག་གི་ཐུན་མོང་མཐུན་སྒྲིལ་འབད་འཐབ་ལ་སྐུལ་ལྕག་བྱེད་དགོས།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ཚུན་གྱི་རླབས་ཆེ་ཤོས་ཀྱི་ཕུགས་འདུན་ཞིག་ཡིན།  ཀྲུང་གོ་གུང་ཁྲན་ཏང་གིས་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་ལོ་རྒྱུས་འོས་འགན་ཕྲག་ཏུ་འཁུར་ཡོད།

ཀྲུང་གོའི་ཕུགས་འདུན་གྱི་ངོ་བོ་ནི་རྒྱལ་ཁབ་མངའ་ཐང་སྟོབས་འབྱོར་ལྡན་པ་དང་།  མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་བ་བྱ་རྒྱུ་དེ་རེད།  ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུ་ནི་ཁོད་སྙོམས་ཤིག་མིན་ཁར།  ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་སྲིད་པས།  རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་པར་རླབས་ཆེན་གྱི་འཐབ་རྩོད་དང་།  རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན།  རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།  ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་གཉའ་གནོན་འགོག་པ་དང་བཙན་རྒྱལ་མཐར་སྐྲོད་ཀྱི་ཕུགས་འདུན་དང་།  ཡར་ལངས་བཅིངས་འགྲོལ་གྱི་ཕུགས་འདུན།  འབྱོར་ཕྱུག་བདེ་སྐྱིད་ཀྱི་ཕུགས་འདུན་བཅས་མངོན་འགྱུར་ཐུབ་ཡོད།  ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རྗེས་སུ་འབྲངས་ཏེ་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་བརྗིད་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་བརྩོམ་དགོས།

དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ཁོང་དུ་བརྟན་པོར་ཆུད་པར།  འོས་འགན་ཕྲག་ཏུ་འཁུར་ཕོད་པ་དང་ལས་སྒྲུབ་བྱ་གཞག་གཏོད་པའི་སྙིང་སྟོབས་ཡོད་དགོས།  མིག་སྔར་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་གཏན་འཁེལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་དབུལ་པོ་དབུལ་རྐྱང་གི་རྣམ་པ་ལས་རྩ་བའི་ཆ་ནས་འབྲལ་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།  དུས་བབ་ཅི་ཙམ་བཟང་ཡང་ང་ཚོས་དེ་བས་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་།  འཐབ་ཇུས་ཀྱི་ངེས་ཤུགས་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་པའི་འདུ་ཤེས་དང་།  དེ་བས་རིང་བའི་མིག་རྒྱང་།  ཏན་ཏིག་གི་སྤྱོད་ཚུལ་བཅས་ཀྱི་སྒོ་ནས་བྱ་གཞག་ཇུས་འགོད་བྱེད་དགོས་པ་མ་ཟད།  ཕུགས་ཀྱི་དམིགས་ཚད་མངོན་འགྱུར་དང་མིག་སྔའི་ལས་དོན་ཡག་པོ་སྒྲུབ་པའི་འབྲེལ་བ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་འཕེལ་རྒྱས་དང་།  བརྟན་ལྷིང་།  སྣོད་བཅུད་བཅས་ཀྱི་ལས་དོན་ཁག་གོམ་སྟབས་བརྟན་པོས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་།  བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས།

ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཁོང་དུ་བརྟན་པོར་ཆུད་པ་བྱེད་དགོས།  ཏང་ནི་ཏང་སྲིད་དམག་དམངས་སློབ་གྲྭ་དང་ཕྱོགས་བཞི་མཚམས་བརྒྱད་ལ་འགོ་ཁྲིད་བྱེད་མཁན་ཞིག་ཡིན།  ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱ་རྒྱུ་དེ་ནི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྩ་བའི་འགན་ལེན་ཡིན།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་དུས་རབས་གསར་པའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར།  ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་མཐའ་གཅིག་ཏུ་སྲུང་སྐྱོང་དང་།  ངེས་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་།  ངེས་པར་དུ་ཏང་གི་འགོ་ཁྲིད་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་མཐའ་འཁྱོངས་བྱས་ནས་ཏང་གི་སྲིད་འཛིན་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ།  ངེས་པར་དུ་ཏང་གི་བོད་སྐྱོང་མཛད་ཇུས་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བརྟན་པོའི་རང་བཞིན་ཟབ་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་བོད་ཀྱི་འཐབ་ཕྱོགས་ཁག་དང་།  ཁྱབ་ཁོངས་ཁག ཕྱོགས་ཁག་བཅས་སུ་དོན་འཁྱོལ་བྱེད་དགོས།

ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་མཐའ་གཅིག་ཏུ་བྱེད་པའི་རྩ་བའི་འགུལ་ཤུགས་མཐའ་འཁྱོངས་བྱ་རྒྱུ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་སྒྱུར་བཅོས་དོན་འཁྱོལ་དང་།  དོན་འཁྱོལ་ཞིབ་ཚགས། དམིགས་སར་དོན་འཁྱོལ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས།  སྒྱུར་བཅོས་སྒོ་དབྱེའི་འགག་རྩའི་བྱེད་ཐབས་དེ་ཡག་པོ་སྤྱད་ཚེ་ང་ཚོའི་བྱ་གཞག་ལ་རྒྱུན་ཆད་མེད་པར་གསོན་ཤུགས་རྒྱས་ཐུབ་པ་མ་ཟད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དེ་བས་སྟོབས་དང་ལྡན་པའི་གསོན་ཤུགས་རྒྱས་ཐུབ་ངེས་རེད།  དུས་རབས་གསར་པར་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བར་གོམ་སྟབས་གསར་པ་སྤོ་བ་དང་རྣམ་པ་གསར་པ་གཏོད་པར་བསམ་བློ་དང་བྱ་སྤྱོད་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་རྩེ་རིམ་ཇུས་བཀོད་དང་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས།  དུས་ཀྱིས་མི་མི་སྒུག་པའི་ཁ་ཚ་དགོས་གཏུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།  བྲག་ལྟར་བརྟན་པའི་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས།  སྒྱུར་བཅོས་ཀྱི་ཤུགས་རྒྱག་ས་དང་ཚད་བརྒལ་ས་བཙལ་འཚོལ་བཅས་བྱས་ཏེ།  སྒྱུར་བཅོས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇུས་འགོད་དང་།  མངོན་གསལ་དོད་པའི་འགལ་ཟླའི་གནད་དོན་ཐག་གཅོད། ཉེན་ཁ་འགོག་ཟོན།  གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བཅས་ལ་གཞོལ་ནས་དཔལ་འབྱོར་སྒྲིག་སྲོལ་དང་།  སྲིད་འཛིན་སྒྲིག་སྲོལ། སྤྱི་ཚོགས་སྒྲིག་སྲོལ། རིག་གནས་སྒྲིག་སྲོལ།  སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་བཅས་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་སྒྱུར་བཅོས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་དགོས།

ཁྲིམས་ལྟར་རྒྱལ་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ངོ་བོའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།  ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་ངོ་བོའི་བླང་བྱ་དང་འགན་ལེན་གལ་ཆེན་ཞིག་ཡིན་པ་དང་ཁྲིམས་ལྟར་བོད་སྐྱོང་ནི་བོད་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཞིབ་ཕྲ་ཞིག་རེད།  ང་ཚོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ནང་དོན་གསར་པ་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་ཡག་པོ་ཆུད་པ་བྱས་ཏེ།  ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་གསར་བརྗེ་གཏིང་ཟབ་ཅིག་ཡིན་པར་གོ་བ་གཏིང་ཟབ་བླངས་ནས།  བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་སྐྱོད་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་བསྐྲུན་པ།  སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་དང་ཁྲིམས་འཛིན་གཞུང་དྲང་སྲུང་སྐྱོང་།  ཏང་གི་འགོ་ཁྲིད་འོག་ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་སྐྱོང་ལག་བསྟར་ནན་པོ་བཅས་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་ཆབ་སྲིད་ཀྱི་འགན་ལེན་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས།  ཏང་འདི་ཉིད་དེ་བས་སྟོབས་དང་ལྡན་པ་ཞིག་ཏུ་བསྐྲུན་དགོས།  ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་པའི་འགག་རྩ་དེ་ཏང་ལ་ཐུག་ཡོད་ལ།  ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་ཡང་ཐུག་ཡོད།  ང་ཚོས་ངེས་པར་དུ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་ཆབ་སྲིད་འཛུགས་སྐྱོང་དེ་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ལ་བརྩི་བ་དང་།  ཕུགས་བསམ་དད་སེམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ།  གུང་ཁྲན་ཏང་མིའི་བསམ་བློའི་འཚོ་བཅུད་གསབ་པ།  དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་མཐའ་གཅིག་ཏུ་ལག་བསྟར།  སྤྱོད་ཚུལ་འཛུགས་སྐྱོང་དེ་ནམ་ཡང་ཚར་དུས་མེད་པ་ཞིག་ཡིན་པ་བློ་ལ་བརྟན་པོར་ངེས་པ།  ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ།  སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  སྒྲིག་ཁྲིམས་གློག་ལྡན་གློག་ཆེན་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་པ།  ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  ཕྱོགས་ཡོངས་ནས་ལམ་ལུགས་ཀྱི་རླུང་ཙེ་དམ་དུ་གཏོང་བ།  རུལ་རྒོལ་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ།  རུལ་རྒོལ་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།  ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་མཁན་དང་།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཐོབ་མཁན།  རང་ངོས་གསར་བརྗེ་བྱེད་ཕོད་མཁན། ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ།  གསོན་ཤུགས་ལྷག་པར་རྒྱས་པ་བཅས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ལ་བསྐྲུན་དགོས་པ་མ་ཟད།  ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི“སྲོག་ཤིང”དུ་འགྱུར་བ་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།