ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-23 18:11:36

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་8ཚེས་21ཉིན་གནས་ཚུལ་འབྱོར་གསལ།  ཚེས་20ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ནས་ཟླ་8པའི་ཚེས་19ཉིན་ཙུང་ལི་ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བའི་ཞིང་ཆེན་ཁག་གཅིག་གི་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་བྱས་པ་དང་།  《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འཆར་འགོད(2019ལོ་ནས་2025ལོ་བར)(བསམ་འཆར་བསྡུ་ལེན་མ་ཟིན)》(གཤམ་དུ《ལས་ཞུགས་འཆར་འགོད》ཞེས་བསྡུ་རྒྱུ)ཞིབ་འཇུག་དང་གྲོས་བསྡུར་བྱས་པ་དང་།  གྲོང་ཁྱེར་དང་ས་ཁུལ་ཁག་དང་།  མཐོ་སློབ་ཁག་གི་ལས་ཀའི་སྙན་སེང་ཉན་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་།  ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི།  རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། དུས་བབ་གསར་པ་དང་ལས་འགན་གསར་པའི་འོག  གྲོང་ཁྱེར་དང་ས་ཁུལ་ཁག་དང་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་ཆེ་རུ་གཏོང་བ་དང་།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ།  དུས་རབས་གསར་པའི་ཀྲུང་དབྱང་གི་ལས་ཞུགས་མཛད་ཕྱོགས་དོན་འཁྱོལ་ཡག་པོ་བྱེད་པ་བཅས་ཀྱི་སྒོ་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་དེ་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས་དམ་འཛིན་ཏན་ཏིག་དང་ཡག་པོ་བྱེད་དགོས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)  ལས་ཀའི་འགན་འཁྲི་སྔར་བས་དམ་ནན་དུ་བཏང་སྟེ་ལས་ཀའི་བྱ་ཐབས་གསར་གཏོད་ཀྱིས་རིགས་ཁག་གི་རྩ་འཛུགས་དང་།  སྤྱི་ཚོགས། ཁྱིམ་ཚང་།  མི་སྒེར་བཅས་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ཏེ་ཕྱོགས་ཀུན་དང་། རིམ་པ་མང་བ།  ཐབས་ལམ་མང་བ་བཅས་ཀྱི་ཐོག་ནས་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།  ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་རང་འགུལ་ངང་ལས་དོན་སྒྲུབ་པ་དང་།  འགན་འཁྲི་ཁུར་ཕོད་པ།  འགན་འཁྲི་ཁུར་མཁས་པ་བཅས་མཐའ་འཁྱོངས་བྱས་ཐོག་རིམ་ཁག་ཏང་རྩ་འཛུགས་དང་སྲིད་གཞུང་གི་འགན་ནུས་འདོན་སྤེལ་བྱས་ཏེ་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།  ལས་གནས་གསར་སྤེལ་བྱེད་ཤུགས་དེ་བས་ཆེ་རུ་བཏང་ནས་ལྗོངས་ཕྱི་ནང་གི་ཁྲོམ་ར་དང་ཐོན་ཁུངས་གང་ལེགས་སྤྱད་དེ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་།  ལས་ཞུགས་ཀྱི་ལས་གནས་གྲངས་འབོར་མང་དུ་གཏོང་བ།  ལས་གནས་དང་འཚམ་ཚད་ཆེ་རུ་གཏོང་བ་བཅས་བྱེད་དགོས།  དྲིལ་བསྒྲགས་ཁྲིད་སྟོན་སྔར་བས་བྱེད་ཟབ་ཏུ་བཏང་ནས་ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་།  དྲ་རྒྱའི་ཐོན་ཁུངས་བེད་སྤྱོད་ཡག་པོ་གཏོང་བ།  སློབ་མའི་སྣེ་ཁྲིད་དེ་ལས་རིགས་འཆར་འགོད་ཡག་པོ་གཏོང་བ།  ཕྱིར་སྐྱོད་དེ་འཇོན་ཐང་སྦྱོང་བ་དང་ཤེས་རྒྱ་ཆེ་རུ་བཏང་ནས་མཐར་ཕྱིན་རྗེས་ཕ་ཡུལ་དུ་ཕྱིར་ལོག་ནས་ལེགས་སྐྱེས་མང་ཙམ་འབུལ་དགོས།  སྲིད་ཇུས་དོན་འཁྱོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ད་ཡོད་ཀྱི་སྲིད་ཇུས་དང་སྦྲེལ་མཐུད་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ཏེ་སྐུལ་མ་གཏོང་བ་དང་།  གཅུན་འདོམས་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ།  སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་བཅས་ཀྱི་སྒོ་ནས་ངལ་རྩོལ་ནི་གཟི་བརྗིད་ཡིན་པའི་འདུ་ཤེས་མི་སེམས་ལ་ཟུག་པར་བྱེད་དགོས།

ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན།  《ལས་ཞུགས་འཆར་འགོད》བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བར་སྤྱི་ཡོངས་ལ་སྤྱི་འདོམས་དང་།  ཕུགས་ཀྱི་འཆར་གཞི་བཀོད་དེ་རྩ་དོན་ཆེན་པོ་སྟངས་འཛིན་ཡག་པོ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས།  བསམ་བློར་བཅིངས་འགྲོལ་གཏོང་བ་དང་ཕྱོགས་བསྡུས་ཇུས་འདོན་བྱས་ཏེ་ཁྲོམ་རའི་ལས་ཞུགས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་ཀྱིས་བསྡོམས་འབོར་དང་གྲུབ་ཆ་དང་།  མཁོ་སྤྲོད་དང་གྲུབ་ཆ། མི་སྒེར་དང་སྤྱི་ཚོགས།  སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས།  འཕེལ་རྒྱས་དང་དམངས་འཚོ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་འཆར་འགོད་བཟོ་བའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།