སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-13 16:21:17

ཆར་པ་སིམ་སིམ་ཁྲོད་གསར་འགོད་པ་དང་བཅས་པས་གོམ་སྟབས་མགྱོགས་པོས་ལྷ་རི་རྫོང་འཇམ་དབྱངས་བོད་སྨན་སྨན་རྒྱུ་ཚད་ཡོད་འགན་འཁྲི་ཀུང་སིར་བསྐྱོད་པ་ཡིན།

མི་མང་པོ་ཞིག་མཉམ་དུ་རུབ་སྟེ་བོད་སྨན་གྱི་སྨན་རྒྱུ་འདེམས་སྒྲུག་བྱེད་ཀྱིན་ཁ་བརྡ་གློད་བཞིན་འདུག  ལྕགས་ཐབ་ཐོག་གི་འོ་མ་ནས་གྲོ་མ་དང་སྨན་རྩྭ་སྐོལ་བའི་དྲི་ཞིམ་འཐུལ་འོང་།

“ང་ཚོ་སྨན་རྒྱུ་འདེམས་སྒྲུག་བྱེད་བཞིན་ཡོད། ཉུང་མ་སྐམ་པོ་དང་། སྤོས། སྨན་སྤོས།  གདོང་གསོས།  ལུས་གསོའི་ཇ་ལ་སོགས་དེ་དག་ནི་ང་ཚོའི་ཀུང་སིས་བཟོས་པའི་བོད་སྨན་ཐོན་རྫས་རེད”ཅེས་དབང་རྡོར་གྱིས་དགའ་སྤྲོའི་ངང་གསར་འགོད་པར་ངོ་སྤྲོད་བྱས།

“ང་ཚོའི་ཀུང་སི་ནི་2017ལོའི་ཟླ་10པར་བཙུགས་པ་དང་ང་གཉིས་ཀྱིས་མཉམ་དུ་གཉེར་སྐྱོང་བྱེད་ཀྱི་ཡོད”ཅེས་དབང་རྡོར་གྱིས་ཁོང་གི་རོགས་ཟླ་བསོད་ནམས་གྲགས་པར་མཛུབ་མོ་བཙུགས་ཏེ་བཤད།  དབང་རྡོར་དང་བསོད་ནམས་གྲགས་པ་ནི་2014ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང(ད་ཆའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན)ནས་ཐོན་རྗེས་རང་སོ་སོའི་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་ཀྱི་སྨན་པ་བྱས།

2017ལོར་ལྷ་རི་རྫོང་མི་སྤྱི་ཅུས་ཀྱིས་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མ་སྒྲིག་འཛུགས་བྱས་ཏེ་ཚོགས་འདུ་འཚོགས་པ་དང་དབང་རྡོར་དང་བསོད་ནམས་གྲགས་པས་ཏང་དང་རྒྱལ་ཁབ་ཀྱིས་སློབ་ཆེན་སློབ་མའི་ལས་གཏོད་ཐད་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་ཤེས་རྗེས་མཉམ་དུ་གྲོས་མོལ་བྱས་ནས་ཀུང་སི་འཛུགས་རྒྱུའི་གཏན་འཁེལ་བྱས།

“རྒྱལ་ཁབ་ཀྱིས་ང་ཚོར་སློབ་ཆེན་སློབ་མའི་ལས་གཏོད་དངུལ་སྒོར་ཁྲི་5སྤྲད་པ་མ་ཟད།  ད་དུང་ཁང་གླ་སྤྲོད་དགོས་ཀྱི་མི་འདུག  ང་ཚོའི་བོད་སྨན་གྱི་སྨན་རྒྱུ་ཕྱིར་ཚོང་ཐབས་ལམ་ཡང་རིམ་བཞིན་རྒྱ་ཆེར་འགྲོ་བཞིན་ཡོད།  ད་ཆ་ལྷ་རི་རྫོང་བོད་ལུགས་སྨན་རྩིས་ཁང་དང་། ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་།  རང་སྐྱོང་ལྗོངས་སྨན་རྩིས་ཁང་བཅས་དང་རྫོང་གི་སྨན་རྒྱུ་ཀུང་སི་3གྱིས་ང་ཚོའི་ས་ནས་བོད་སྨན་གྱི་སྨན་རྒྱུ་སྣ་ཚོགས་ཉོ་གི་ཡོད”ཅེས་བསོད་ནམས་གྲགས་པས་དགའ་ཚོར་ཆེན་པོས་བཤད།

ཚང་མའི་ཐུན་མོང་འབད་བརྩོན་འོག་ལྷ་རི་རྫོང་འཇམ་དབྱངས་བོད་སྨན་གྱི་སྨན་རྒྱུ་ཚད་ཡོད་འགན་འཁྲི་ཀུང་སིའི་ཚོང་ཇེ་ལེགས་སུ་ཕྱིན་ཡོད།  “སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་ང་ཚོའི་བོད་སྨན་གྱི་སྨན་རྒྱུ་དང་ཐོན་རྫས་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་100ཙམ་ཟིན་རྒྱུ་རེད”ཅེས་དབང་རྡོར་གྱིས་ཀུང་སིའི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།