བློ་བཟང་རྒྱལ་མཚན་གྱིས་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཡིན་པའི་རྣམ་གླིང་རྫོང་དུ་བརྟག་ཞིབ་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-08-13 16:19:21

འདི་ག་ཚགས་པར་ཁང་དུ་རྣམ་གླིང་ནས་ཟླ་8ཚེས་8ཉིན་གློག་འཕྲིན་འབྱོར་གསལ།  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་སྐབས་ཀྱི་ཟླ་8ཚེས་5དང་6ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན།  ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཡིན་པའི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

མེ་འཁོར་ནས་བབས་མ་ཐག་བློ་བཟང་རྒྱལ་མཚན་རླངས་འཁོར་ལ་བཞུགས་ནས་ཐད་ཀར་རྣམ་གླིང་རྫོང་ཨེ་མ་ཤང་སུམ་སྟོང་གྲོང་ཚོའི་ཞོག་ཁོག་རྟེན་གཞིར་ཕེབས་ནས་ས་གནས་ས་ཐོག་ཏུ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཐད་ལ་གཟིགས་ཞིབ་གནང་བ་རེད།  ཨེ་མ་སྒང་གི་ཞོག་ཁོག་ནི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་གི་ཐོན་ལས་ཤིག་ཡིན་པ་དང་།  དབུལ་སྒྲོལ་འགག་སྒྲོལ་ཁྲོད་རྣམ་གླིང་རྫོང་གིས་ཨེ་མ་སྒང་གི་ཞོག་ཁོག་འདེབས་འཛུགས་ལས་སྣོན་གཙོ་གནད་དུ་བཟུང་ནས་ཐོན་ལས་དབུལ་སྒྲོལ་ལག་བསྟར་ཤུགས་ཆེན་བྱས་ཏེ་དུད་ཚང་དབུལ་པོ་ཡུན་རིང་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།  བློ་བཟང་རྒྱལ་མཚན་དྲག་ཆར་ལ་མ་འཛེམས་པར་ཞིང་ནང་དུ་ཕེབས་ཏེ་ཞོག་ཁོག་སྐྱེ་ཚུལ་ལ་གཟིགས་པ་དང་གཞི་ཁྱོན་ཅན་གྱི་འདེབས་འཛུགས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་།  ཁོང་གིས་ཨེ་མ་སྒང་གི་ཞོག་ཁོག་ཐོན་ལས་རྣམ་གྲངས་ལ་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད།  མིག་ཚོད་ཟིན་ན་ལས་དོན་སྒྲུབ་པ་དང་མིག་གིས་མཐོང་ན་མི་གློད་པར་ཁྱད་ལྡན་ཐོན་ཁུངས་དེ་མང་ཚོགས་ཀྱི་དབུལ་སྒྲོལ་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དམངས་ཕྱུག་ཐོན་ལས་ཤིག་ལ་སྒྱུར་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།

ན་ནིང་ཟླ་11པར་བློ་བཟང་རྒྱལ་མཚན་གྱིས་བརྟག་ཞིབ་གནང་རིང་ཤེས་རྟོགས་ཐུབ་པའི་གྲོང་གསེབ་ཀྱི་དྭངས་གཙང་འཐུང་ཆུའི་གནད་དོན་སྐོར་ལ་ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབས་པ་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།  རིན་འདུས་ཤང་དུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས་བརྡ་མི་གཏོང་བར་སྐབས་བསྟུན་གྱིས་དུད་ཚང་དུ་འཐེན་བཤེར་བྱེད་པར་ཕེབས་ནས་ཆུ་ཀ་ལའི་གཅུས་སྒོ་ཕྱེ་མ་ཐག་དྭངས་ཤིང་གཙང་བའི་ཆུ་དལ་བུར་དོན།  རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་དྭངས་གཙང་འཐུང་ཆུའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་མཁྱེན་རྗེས་བློ་བཟང་རྒྱལ་མཚན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གཅིག་ཤེས་ཀུན་གྲོལ་གྱིས་དམངས་ཚོའི་དོ་ཁུར་ལ་མགྱོགས་མྱུར་ལན་བཏབ་པ་དང་།  འཁྲིས་སུ་ཡོད་པའི་གྲོང་མི་རྡོ་ཚེ་ཡིས་རང་འགུལ་ངང་བློ་བཟང་རྒྱལ་མཚན་ཉེ་ཆར་རང་ཁྱིམ་དུ་བཙུགས་པའི་གྱོན་ཆས་བཟོ་སྐྲུན་ཆེད་ལས་མཉམ་ལས་ཁང་དུ་གཟིགས་སྐོར་ལ་གདན་དྲངས་ཤིང་།  བློ་བཟང་རྒྱལ་མཚན་གྱིས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་བཏང་ནས་ཕ་ཡུལ་གྱི་འཇོན་ཐང་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་གྲོང་ཚོའི་མང་ཚོགས་སྒྲིག་འཛུགས་ནུས་ལྡན་བྱ་རྒྱུ་ནི་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  མང་ཚོགས་དབུལ་པོར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ།  མང་ཚོགས་ཀྱི་བསམ་བློའི་ལྟ་བར་འགྱུར་ལྡོག་གཏོང་རྒྱུར་སློབ་གསོ་གཏོང་བ་བཅས་ཀྱི་ལམ་བུ་ཡག་པོ་ཞིག་རེད།  གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པར་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རང་ས་རང་ཡུལ་ནས་མི་བྲལ་བར་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་བའི་འདུ་ཤེས་ཞིང་འབྲོག་ཁུལ་དུ་རྩ་བ་བརྟན་པོར་ཚུགས་པ་བྱེད་དགོས་ཞེས་གསུངས་པ་རེད།

རྣམ་གླིང་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་ལ་བཞུགས་མོལ་དང་སྤེལ་རེས་གནང་སྐབས།  བློ་བཟང་རྒྱལ་མཚན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུ་དེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གཞི་རྟེན་གལ་ཆེན་ཞིག་ལ་བརྩིས་ནས།  དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་།  དབུལ་སྒྲོལ་འགག་སྒྲོལ་གྱི་ཞན་ཆའི་ལྷུ་ཚིགས་འཚོལ་ཞིབ་གཏིང་ཟབ་བྱེད་པ།  དཀའ་གནད་ལས་སྒྲོལ་ཐབས་བྱེད་པའི་ཐབས་ཤེས་ངོ་མ་འདོན་པ་བཅས་ཀྱི་ཐོག་ནས་ཉམས་སད་ཐེག་ཐུབ་པའི་ལས་དོན་དངོས་ཀྱི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་བསྡུར་ཞིབ་བྱེད་དགོས།  ཐོན་ལས་སྐྱེད་སྲིང་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགྲོ་ལམ་ཞིག་ལ་བརྩིས་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་བ་དང་།  ཞིང་འབྲོག་མང་ཚོགས་ལ་མུ་མཐུད་འབབ་འཕར་ཡོང་བའི་ལམ་སྲོལ་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་གོང་མཐོར་གཏོང་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།