རང་སྐྱོང་ལྗོངས་སྐབས་དྲུག་པའི་གཞན་ཕན་ལས་ལ་དགའ་བའི་དཔེ་བཟང་བ་ལི་ཤིན་ཡུས་ཀྱི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-12 16:35:31

དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་སར།  སྤྱི་ཚོགས་ལས་རིགས་ཁག་གི་དང་བླངས་པས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དྲོད་སྐྱིད་སྦྱིན་པ་དང་གཅེས་སེམས་མཚོན་པར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་བཞིན་ཡོད།  ལི་ཤིན་ཡུས་ནི་དང་བླངས་པ་མང་པོའི་ཁྲོད་ཀྱི་འཐུས་མི་ཕུལ་དུ་བྱུང་བ་ཞིག་རེད།

2007ལོར་བོད་དུ་སླེབས་པ་ནས་བཟུང་།  ལི་ཤིན་ཡུས་ཀྱིས་སྔ་ཕྱི་བར་གསུམ་དུ་དང་བླངས་ཞབས་ཞུའི་བྱེད་སྒོ་དང་སྤྱི་ཕན་བྱ་གཞག་ལ་གཞོལ་ཏེ་བྱ་སྤྱོད་དངོས་ཀྱིས“དགེ་སྒྲུབ་སྤྱོད་བཟང”གི་དང་བླངས་པའི་འདུ་ཤེས་གསལ་འགྲེལ་བྱས་པ་དང་འབྲེལ།  “ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས།  ཡར་ཐོན”བཅས་ཀྱི་དང་བླངས་པའི་ཞབས་ཞུའི་སྙིང་སྟོབས་ལག་ལེན་བསྟར་ཡོད།

ལོ་ཤས་རིང་།  ལི་ཤིན་ཡུས་དང་གཅེས་སེམས་ཚོགས་པས་ཞལ་འདེབས་འབུལ་བའི་ཐབས་ལམ་སྣ་ཚོགས་སྤྱད་དེ་སྒོར་ཁྲི་800ལྷག་ཙམ་རི་བའི་སྲིང་བལ་མལ་ཆས་དང་ཀམ་པ་ལི་དང་།  སྒོར་ཁྲི་ཆིག་སྟོང་ཙམ་རི་བའི་ཡིག་ཆས་དང་། སྒྲོག་ཙེ་རྐུབ་སྟེགས། དཔེ་དེབ།  ཉི་ནུས་ལག་ཞུ། ཕོར་པ། གཙང་སྦྲའི་ཡོ་བྱད།  ཉི་ནུས་གློག་འདོན་སྒྲིག་ཆས་སོགས་གྲབས་གསོག་བྱས་པ་རེད།

མིག་སྔར།  ལི་ཤིན་ཡུས་དང་ཁོང་གི་གཅེས་སེམས་ཚོགས་པར་ཟླ་རེར་ཆ་སྙོམས་དངོས་ཟོག་ཁྲི་10ལྷག་ཙམ་འབྱོར་བ་དང་ཉིན་རེར་ཧ་ལམ་གཅེས་སེམས་མི་སྣ་ཉི་ཤུ་ལྷག་ཙམ་གྱི་ཞལ་འདེབས་ཁ་པར་འབྱོར་གྱི་ཡོད།  ལས་བྲེལ་ཧ་ཅང་ཆེ་ནའང་།  ཁོང་གིས་རྟག་ཏུ་ངལ་གསོའི་ཁོམ་པ་དཔྱད་དེ་ཞལ་འདེབས་དངོས་ཟོག་བགོ་འགྲེམས་བྱས་ཏེ་དུས་ཐོག་ཏུ་རོགས་རམ་བྱེད་དགོས་པའི་མི་ལ་སྤྲོད་ཀྱི་ཡོད།  ད་དུང་།  ཁོང་གིས་ཐད་ཀར་མ་དངུལ་གྱི་རོགས་སྐྱོར་བྱེད་པ་དང་QQཚོགས་པའི་ནང་སློབ་མ་དབུལ་པོའི་ཆ་འཕྲིན་བསྐུར་ནས་གཅེས་སེམས་མི་སྣའི་རོགས་རམ་ཐོབ་ཐབས་བྱས་པར་བརྟེན།  སྔ་རྗེས་སུ་སློབ་གྲྭ་ཆེ་མོ་བ་དབུལ་པོ་20ལྷག་ཙམ་སློབ་གྲྭ་བདེ་བླག་ངང་འགྲིམས་ཐུབ་ཡོད།

2011ལོའི་གོང་དུ།  གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་རིན་ཐོར་ཤང་སློབ་ཆུང་གི་གློག་ཤུགས་གནད་དོན་དུས་ཡུན་རིང་པོ་ཐག་གཅོད་མ་ཐུབ་པས་སློབ་མར་གློག་མེད་པའི་དཀའ་ངལ་ཕྲད།  ལི་ཤིན་ཡུས་ཀྱིས་གནས་ཚུལ་དེ་ཤེས་རྗེས།  དུས་ཐོག་ཏུ་ནང་སའི་དང་བླངས་པ་དང་འབྲེལ་གཏུག་བྱས་ཏེ་ཐབས་ལམ་སྣ་ཚོགས་སྤྱད་ནས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།  མཐར་ཀྲེ་ཅང་གི་ཉི་ནུས་གློག་འདོན་སྒྲིག་ཆས་ཐོན་སྐྱེད་ཁེ་ལས་ཤིག་གི་སྦྱིན་བདག་སེམས་འགུལ་ཐེབས་ནས་སྒོར་ཁྲི་25ལྷག་ཙམ་རི་བའི་ཉི་ནུས་གློག་འདོན་སྒྲིག་ཆས་གཅིག་ཞལ་འདེབས་བརྒྱབ།  2011ལོའི་ཟླ་12པར། རིན་ཐོར་ཤང་སློབ་ཆུང་དུ་སྒྲིག་ཆས་སྒྲིག་སྦྱོར་བདེ་བླག་ཐུབ།  སློབ་ཁང་ནས་དཀར་ཆ་དོད་པའི་གློག་འོད་གསལ་པོར་འཕྲོས་ནས་ཕྲུ་གུ་ཚོའི་མཚར་སྡུག་ལྡན་པའི་འཛུམ་མདངས་གསལ་པོ་མཐོང་བ་མ་ཟད།  ད་དུང་། འབྱུང་འགྱུར་གྱི་འཚོ་བར་བཅངས་པའི་ཕྲུ་གུ་ཚོའི་ཕུགས་རེ་གསལ་བར་བྱས་ཡོད།

2015ལོའི་ཟླ་4ཚེས་25ཉིན། ནེ་པ་ལར་ས་ཡོམ་བརྒྱབ་རྗེས།  ནེ་པ་ལ་དང་ས་མཚམས་འབྲེལ་བའི་རང་ལྗོངས་ཀྱི་རྫོང་ཁག་གཅིག་ལའང་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག  ལི་ཤིན་ཡུས་ཀྱིས་ལམ་སེང་QQཚོགས་པ་དང་སྐད་འཕྲིན་གྲོགས་ཚོགས་པ་ནས་ཞལ་འདེབས་ཀྱི་གྲོས་འགོ་བཏོན་པར་གཅེས་སེམས་མི་སྣའི་རྒྱབ་སྐྱོར་ཐོབ་ནས་སྒོར་ཁྲི་10རི་བའི་གྱོན་ཆས་དང་སྒོར་ཁྲི་4ལྷག་ཙམ་རི་བའི་ཀམ་པ་ལི་དང་རྒྱུན་མཁོའི་དངོས་རྫས་མྱུར་དུ་གེགས་ཁུལ་དུ་དབོར་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྤྲད།

གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུད་སྣ་ཤང་མདོ་ཆེན་གྲོང་ཚོའི་དང་བླངས་པའི་ཞབས་ཞུའི་བྱེད་སྒོ་ནི་ལི་ཤིན་ཡུས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་མང་པོའི་ཁྲོད་ཀྱི་དཔེ་མཚོན་རང་བཞིན་གྱི་བྱེད་སྒོ་ཞིག་རེད།

མདོ་ཆེན་གྲོང་ཚོའི་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་ཡག་པོ་གཏོང་བར་གཞོགས་འདེགས་བྱ་ཆེད།  2018ལོའི་ཟླ་4ཚེས་22ཉིན།  ལི་ཤིན་ཡུས་ཀྱིས་གཅེས་སེམས་ཚོགས་པའི་སྣེ་ཁྲིད་དེ་ངལ་གསོའི་ཁོམ་པ་སྤྱད་ནས་མདོ་ཆེན་གྲོང་ཚོའི་དུད་ཚང་དབུལ་པོར་འཚམས་འདྲི་ཐེངས་དང་པོ་བྱེད་པར་བསྐྱོད།  དེ་རྗེས།  ཁོང་གིས་ཞལ་འདེབས་སྒྲིག་འཛུགས་དང་རང་ཉིད་ནས་དངུལ་གྲབས་གསོག་སོགས་ཀྱི་བྱ་ཐབས་སྤྱད་དེ་མདོ་ཆེན་གྲོང་ཚོར་སྔ་རྗེས་སུ་འཚམས་འདྲིར་ཐེངས་4བསྐྱོད་ནས་སྒོར་ཁྲི་3ལྷག་ཙམ་རི་བའི་འཚོ་བའི་མཁོ་ཆས་དང་།  ཡིག་ཆས། གྱོན་ཆས་སོགས་སྤྲད་པ་རེད།

ད་དུང་།  ཁོང་དང་གཅེས་སེམས་ཚོགས་པས་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་མང་བྱས་ཏེ་མདོ་ཆེན་གྲོང་ཚོའི་མང་ཚོགས་ཀྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།  དམིགས་ཡུལ་གསལ་པོ་བྱུང་བ་དང་བསྟུན་ནས།  དབུལ་སྐྱོར་རྣམ་གྲངས་གྲ་སྒྲིག་གི་དུས་མཚམས་སུ་སླེབས་ཤིང་།  ལི་ཤིན་ཡུས་ཀྱིས་འབད་བརྩོན་ལྷོད་མེད་དང་ཕྱོགས་མང་པོའི་མཐུན་སྦྱོར་བྱས་པ་བརྒྱུད།  མཐར་ཧྲང་ཧའེ་ཧྥུའུ་ཤིང་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་འབྲེལ་བ་ཐུབ་ནས་དབུལ་སྐྱོར་སྤྱི་ཕན་ཐེབས་རྩའི་དངུལ་སྒོར་ཁྲི་12ལྷག་ཙམ་དོན་འཁྱོལ་ཐུབ་པ་དག་མདོ་ཆེན་གྲོང་ཚོའི“མདོ་ཆེན་ཧྥུའུ་ཤིང་སྤྱི་ཕན་སྒོ་རྩིས་ཚོང་ཁང”གི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱད།

མིག་སྔར།“མདོ་ཆེན་ཧྥུའུ་ཤིང་སྤྱི་ཕན་སྒོ་རྩིས་ཚོང་ཁང”གཉེར་སྐྱོང་ཡག་པོ་ཐུབ་ནས་ཟླ་རེའི་ལས་གཉེར་དངུལ་གྲངས་སྒོར་ཁྲི་3ཙམ་ཟིན་ནས་ཡུལ་མི་རྒྱུན་གཏན་གྱི་ཅ་དངོས་ཉོ་བདེ་རུ་ཕྱིན་པ་དང་ཆབས་ཅིག  ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ལས་གནས་བཏོད་ཡོད།

“གལ་སྲིད་སླར་ཡང་གདམ་ག་བྱེད་རྒྱུ་ཡོད་ན་ཁྱེད་ཀྱིས་ད་དུང་བོད་དུ་ཡོང་བའི་གདམ་ག་བྱེད་སྲིད་དམ།  ད་དུང་སྤྱི་ཕན་གྱི་ལས་ཀ་གདམ་ག་བྱེད་སྲིད་དམ”ཅེས་གསར་འགོད་པས་དྲི་བ་འདོན་སྐབས།  ཁོང་གིས“ད་དུང་མུ་མཐུད་ཡོང་གི་ཡིན་ལ།  སྤྱི་ཕན་ལས་ཀ་མུ་མཐུད་བྱེད་ཀྱི་ཡིན”ཞེས་བློ་ཐག་ཆོད་པོས་ལན་བཏབ་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།