རང་ལྗོངས་ཀྱིས་ཡུལ་གྱི་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཤུགས་ཆེན་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-10 11:54:10

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར།  རང་སྐྱོང་ལྗོངས་ཀྱི“ཡུལ་གྱི་ཐོན་རྫས་སྔོན་ལ་ཚོད་ལྟ་དང་སྔོན་ལ་བེད་སྤྱོད་བྱེད་པའི་ཕྱོགས་བསྡུས་ཉམས་ལེན་ལྟེ་གནས”དང་པོ་དེ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་སྒོ་རའི་ནང་དངོས་སུ་འཁོར་སྐྱོད་ཚོང་གཉེར་བྱེད་འགོ་ཚུགས་པ་དང་།  རང་ལྗོངས་ཀྱི་ས་གནས་འདི་གའི་ཁེ་ལས་14ཡིས་ཐོན་སྐྱེད་བྱས་པའི་ནས་ཀྱི་བཟའ་བཏུང་ཐོན་རྫས་དང་།  དཀར་ཆུའི་ཐོན་རྫས། རང་བྱུང་འཐུང་ཆུ། བོད་ཀྱི་གསོ་བ་རིག་པ། ཁྱད་ལྡན་འབྲོག་ཟོག  མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཐོན་རྫས་སྣ་ཁ་80ལྷག་ཙམ་ཚོང་སྒྲོམ་སྟེང་དུ་བཀྲམ་པ་དང་ཆབས་ཅིག་རང་ལྗོངས་ཀྱི་དྲ་ཐོག་གི“ཡུལ་གྱི་ཐོན་རྫས་ཀྱི་སྐད་འཕྲིན་ཚོང་ཁང་ཆུང་ཆུང”གི་བརྒྱུད་རིམ་དྲ་ཞུགས་སྙོམ་སྒྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་ནས་ཉེ་ཆར་ཚོད་ལྟ་གཉེར་སྐྱོང་བྱ་རྩིས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་།  འབྲུ་རིགས་ཐོན་ཚད་ལོ་4བསྟུད་མར་ཏུན་ཁྲི100(དེའི་ནང་ནས་ཐོན་ཚད་ཏུན་80ལྷག་ཙམ་ཟིན་པ)ལྷག་ཙམ་ཟིན་པ་དང་།  རང་བྱུང་འཐུང་ཆུ་ཇུས་འགོད་ཐོན་ནུས་ཏུན་ཁྲི་400ལྷག་ཙམ་ཟིན་ནས་ས་མཐོའི་ཁྱད་ལྡན་འབྲོག་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་།  ས་གནས་དེ་གའི་ཨར་ལས་རྒྱུ་ཆའི་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་བ།  ཡུལ་གྱི་ཐོན་རྫས་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་སོང་བ།  ཐོན་ལས་འཕེལ་རྒྱས་དེ་འགག་རྩའི་དུས་མཚམས་སུ་སླེབས་ནས་མུ་མཐུད་ཤུགས་རྒྱག་པའི་དངོས་པོའི་རྨང་གཞི་བརྟན་པོ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་ལྡན་ཡོད།

འདི་ལོའི་ཟླ་དང་པོར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་།  དཔལ་འབྱོར་ཆ་འཕྲིན་ཐིང་།  ཚོང་དོན་ཐིང་བཅས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱིས་ཡུལ་གྱི་ཐོན་རྫས་སྔོན་ལ་ཚོད་ལྟ་དང་སྔོན་ལ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་སྤྱོད་ཇུས་གཞི》མཉམ་འབྲེལ་ཐོག་བཀྲམ་པ་དང།  སྡེ་ཚན་ཁག་གིས་ཡུལ་གྱི་ཐོན་རྫས་ལས་ཡུལ་དང་། ལས་ཁུངས། སློབ་གྲྭ དཔུང་སྡེ། ཁེ་ལས།  སྒོ་རྩིས་ཚོང་ཁང་བཅས་ཁག་དྲུག་ཏུ་ཁྱབ་གདལ་གཏོང་བའི་ལས་དོན་ལ་སྣེ་འཁྲིད་དེ་སྐུལ་འདེད་བཏང་ཞིང་།  མིག་སྔའི་བར་ལྗོངས་ཡོངས་ཀྱི་ཡུལ་གྱི་ཐོན་རྫས་ཀྱི་ཐོན་སྐྱེད་ཁེ་ལས་551(དེའི་ནང་ཞིང་འབྲོག་པའི་མཉམ་ལས་ཁང་ཚུད་པ)དང་།  རིགས་ཆེན་པོ་5ཡི་ཡུལ་གྱི་ཐོན་རྫས་སྣ་ཚོགས་1000ལྷག་ཙམ་གསེད་བཀྲོལ་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།