གསར་གཏོད་ཀྱི་གསོན་ཤུགས་འདོན་སྤེལ་གྱིས། ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-07-02 16:46:56

ཉེ་དུས་སྡེ་ཚོགས་ལྗོངས་ཨུ་ལྷན་དང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་བོད་ལྗོངས་སློབ་ཆེན་དང་།  བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ  ལྷ་ས་ལས་རིགས་སློབ་འབྲིང་དང་པོ། ལྷ་ས་ལས་རིགས་སློབ་འབྲིང་གཉིས་པ་བཅས་སུ་བསྐྱོད་ནས།  སློབ་ཐོན་སློབ་མ་2000ལྷག་ཙམ་ལ་ལས་ཞུགས་སྲིད་ཇུས་སྒྲོག་འགྲེལ་དང་ལས་ཞུགས་ལས་གཏོད་ཉམས་མྱོང་མཉམ་སྤྱོད་སོགས་ལས་ཞུགས་ལས་གཏོད་ཀྱི་མཛུབ་ཁྲིད་ཞབས་ཞུ་སྤེལ་བ་རེད།

བྱེད་སྒོ་དང་འགྲན་བསྡུར་ཐེངས་རེ་རེ་ནས་རང་ལྗོངས་སུ“དམངས་ཀྱིས་བྱ་གཞག་སྐྲུན།  ཀུན་གྱིས་གསར་གཏོད་བྱེད་པའི”ཚ་རླབས་རིམ་བཞིན་འཕྱུར་བ་མཚོན།

དམངས་ཀྱིས་བྱ་གཞག་སྐྲུན།  ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་རྩ་དང་།  དམངས་ཕྱུག་ལམ་བུ། དྲང་གཞག་འཆར་གཞི། རྒྱལ་སྟོབས་འཕེལ་བའི་ཐབས་ཇུས་བཅས་ཀྱང་རེད།  ཉེ་དུས་སུ་གསར་འགོད་པས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ཐད་རང་སྐྱོང་ལྗོངས་མི་སྤྱི་ཁྲོམ་ར་དོ་དམ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཕུར་བུ་ཚེ་རིང་ལ་བཅར་འདྲི་ཞུས་པ་ཡིན།

ཕུར་བུ་ཚེ་རིང་གིས། 2017ལོ་ནས་བཟུང་།  རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྐོར་གྱི་བསམ་འཆར་འགའ》དང《མིག་སྔ་དང་མ་འོངས་དུས་སྐབས་ཤིག་རིང་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》  《མཐོ་སློབ་སློབ་ཐོན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ལེ་ལག་ཚང་བའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ།  དམངས་ཀྱིས་བྱ་གཞག་སྐྲུན།  ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་སྤེལ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལ་རྒྱབ་སྐྱོར་བྱས་ཡོད་ཅེས་བརྗོད།

འགོ་འཛུགས་མ་དངུལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་མཐོ་སློབ་སློབ་ཐོན་སློབ་མས་རང་རྟེན་ལས་གཏོད་བྱེད་པར་དམིགས་ནས།  རང་ལྗོངས་ཀྱིས་མི་རེར་སྒོར་ཁྲི་5དང་དུད་ཚང་རེར་མཐོ་ཤོས་སྒོར་ཁྲི་20ཡི་སྤྲོད་གཅིག་མའི་ལས་གཏོད་འགོ་འཛུགས་མ་དངུལ་རྒྱབ་སྐྱོར་བྱེད་པ་དང་།  ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་མི་རེར་སྒོར་ཁྲི་6ནས་10བར་དང་དུད་ཚང་རེར་སྒོར་ཁྲི་24ནས་30བར་གྱི་ལས་གཏོད་འགོ་འཛུགས་མ་དངུལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

ཚོང་གཉེར་བྱ་ཡུལ་གྱི་ཁ་གསབ་ཐད་སྲིད་གཞུང་གིས་མ་རྩ་བཏང་ནས་བསྐྲུན་པའི་ཚོང་གཉེར་བྱ་ཡུལ་ཡིན་ན་ལོ་ལྔའི་ནང་བོགས་དངུལ་མི་བསྡུ་བ་དང་།  ཚོང་གཉེར་བྱ་ཡུལ་གཞན་བོགས་མར་བླངས་པར་བོགས་དངུལ་དང་ཆུ་རིན་གློག་རིན་ཟླ་རེར་ཁ་གསབ་སྤྲད་དེ་ལོ་རེར་ཁ་གསབ་མཐོ་ཤོས་སྒོར་ཁྲི་2.4སྤྲད་པ་དང་ཁ་གསབ་སྤྲོད་ཡུན་རིང་ཤོས་ལོ་5ཡིན་པ།  ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ལ་ཟླ་རེའི་བོགས་དངུལ་དང་ཆུ་རིན་གློག་རིན་གྱི་ཁ་གསབ་ལོ་རེར་མཐོ་ཤོས་ལ་སྒོར་ཁྲི་2.88རྒྱབ་སྐྱོར་བྱེད་ཀྱི་ཡོད།

དངུལ་རྩའི་བུན་གཏོང་ལ་རྒྱབ་སྐྱོར་བྱེད་པའི་ཐད་ལས་གཏོད་བྱེད་མཁན་རེར་མཐོ་ཤོས་ལ་སྒོར་ཁྲི་50ཡི་བུན་གཡར་ཁག་ཐེག་བྱེད་ཆོག་པ་དང་།  དངུལ་རྩའི་སྒྲིག་གཞིས་མཐོ་ཤོས་ལ་ལྡབ་གྲངས་110གཞིར་བཟུང་དངུལ་བུན་གཏོང་ཆོག་གི་ཡོད།  བུན་གཡར་དུས་ཡུན་ལོ་10ཡན་ཡིན་པ་དང་བོད་ཀྱི་དབུལ་སྐྱོར་དངུལ་བུན་སྐྱེད་ཚད་ལག་ལེན་བསྟར་ནས།  མདུན་གྱི་ལོ་3རིང་ནོར་སྲིད་ནས་སྐྱེད་གསབ་གྲངས་ཚང་རྒྱག་གི་ཡོད།

 རོགས་ཟླ་བསྒྲིགས་ནས་ལས་གཏོད་བྱེད་མཁན་ལ་ལས་གཏོད་དངུལ་བུན་རིམ་རྩིས་བྱས་ན་སྡོམ་སྒོར་ཁྲི་300ལས་མི་བརྒལ་བ་དང་།  བུན་གཡར་དུས་ཡུན་ལོ་3ལས་མི་བརྒལ་བར་ནོར་སྲིད་ནས་སྐྱེད་གསབ་གྲངས་ཚང་རྒྱག་གི་ཡོད།

མངོན་འགྱུར་བས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཐད་མཐོ་སློབ་སློབ་ཐོན་སློབ་མ་ལས་གཏོད་བྱེད་མཁན་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞི་དང་ཀུན་གྱིས་ལས་གཏོད་བར་ཁྱམས་སམ་མངོན་འགྱུར་བའི་བར་ཁྱམས་སུ་གསོ་སྐྱོང་བྱེད་པར་ཡོང་མཁན་ལ་ལོ་རེར་གཞི་རྩའི་འཚོ་བའི་ཁ་གསབ་མཐོ་ཤོས་སྒོར་ཁྲི་2སྤྲོད་པ་དང་ཁ་གསབ་སྤྲོད་ཡུན་རིང་ཤོས་ལོ་2ཡིན།

སློབ་ཡོན་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་འཇལ་ཐད་སློབ་གྲྭ་ཐོན་པའི་ལོ་དེ་ནས་འགོ་བཙུགས་ཏེ་རང་རྟེན་ལས་གཏོད་བྱས་ནས་ལོ་3འདས་པའི་མཐོ་སློབ་སློབ་ཐོན་སློབ་མར་སློབ་ལོ་རེའི་སློབ་ཡོན་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་འཇལ་གཞིར་བཟུང་།  དངོས་གཞིའི་སློབ་མར་ཚབ་འཇལ་དངུལ་གྲངས་མཐོ་ཤོས་སྒོར་8000དང་ཞིབ་འཇུག་སློབ་མར་མཐོ་ཤོས་སྒོར་12000བྱེད་ཀྱི་ཡོད།

སྤྱི་ཚོགས་འགན་བཅོལ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ཁ་གསབ་ཐད་རང་རྟེན་ལས་གཏོད་ལོ་1ཡན་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མར་སྤྱི་ཚོགས་འགན་བཅོལ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཁ་གསབ་སྤྲད་ནས།  དེའི་ནང་ནས་ཁེ་ལས་འཛུགས་མཁན་ལ་ཁེ་ལས་ནས་འཇལ་བའི་དངུལ་གྲངས་ལྟར་ཁ་གསབ་སྤྲོད་པ་དང་།  སྒེར་གཉེར་དཔལ་འབྱོར་གཉེར་མཁན་ལ་དེའི་སྒེར་གཉེར་བའི་ཐོབ་ཐང་ཐོག་ནས་འཇལ་བའི་དངུལ་གྲངས་ལྟར་ཁ་གསབ་སྤྲོད་ཀྱི་ཡོད།  ཁ་གསབ་སྤྲོད་པའི་དུས་ཡུན་ལོ་10ཡིན་ཞིང་། ལོ་1ནས་5བར་ལ་ཁ་གསབ་100%སྤྲོད་པ་དང་།  ལོ་6ནས་8བར་ལ་ཁ་གསབ་50%སྤྲོད་པ། ལོ་9ནས་10བར་ལ་ཁ་གསབ་30%སྤྲོད་པ་བཅས་ཡིན།

སྡོད་ཁང་འགན་ལེན་ཁ་གསབ་ཐད་རང་རྟེན་ལས་གཏོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མར་ས་གནས་དེའི་ལོ་དེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་50%ལྟར་སྤྲོད་པ་དང་སྡོད་ཁང་འགན་ལེན་ཁ་གསབ་དུས་ཡུན་ལོ་5ལོངས་སྤྱོད་བྱེད་ཆོག་པ་དང་།  ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མར་མཐོ་ཤོས་ལ་སྤྲོད་ཐེངས་གཅིག་ལ་ཁྱིམ་འཛུགས་ཁ་གསབ་སྒོར་6000སྤྲོད་ཀྱི་ཡོད།

འཚོ་བའི་འགན་ལེན་ཁ་གསབ་ཐད་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མར་ལོ་དེའི་རང་སྐྱོང་ལྗོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི(མཐོ་ཤོས་ལ་60%)ལྟར་ཟླ་རེའི་འཚོ་བའི་ཁ་གསབ་སྤྲོད་པ་དང་ཁ་གསབ་སྤྲོད་ཡུན་རིང་ཤོས་ལོ་3ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།