གཙོ་གནད་བྱེད་ཐབས་དོན་འཁྱོལ་བྱས་ཏེ་ཕན་འབྲས་དངོས་ལ་སྣང་ཆེན་བྱེད་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-14 17:35:05

དོན་འཁྱོལ་དག་ཐེར་ལ་ཤུགས་རྒྱག་པར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བཅོས་སྒྲིག་བྱེད་དགོས་པའི་མངོན་གསལ་དོད་པའི་གནད་དོན་དག་རེ་རེ་བཞིན་བཀོད་དེ་སློབ་སྦྱོང་བྱེད་ཀྱིན་ཞིབ་བཤེར་དང་དག་ཐེར་བྱེད་པ་དང་།  ཤེས་མ་ཐག་ཏུ་འཕྲལ་མར་དག་ཐེར་དང་།  དངོས་སུ་དག་ཐེར་བཅས་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་གྱི་གནད་དོན་དང་ལས་ཀའི་གནད་དོན།  ཐུན་མོང་རང་བཞིན་གྱི་གནད་དོན་དང་སྒེར་གྱི་གནད་དོན།  མངོན་གསལ་དོད་པའི་གནད་དོན་དང་གཏིང་ཟབ་པའི་གནད་དོན་བཅས་མཉམ་དུ་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་བཏང་ནས་དོན་འཁྱོལ་དག་ཐེར་ལ་ཕན་འབྲས་དངོས་ཐོན་པ་དང་ཕུགས་ལ་ཕན་པའི་འགན་ལེན་བྱེད་དགོས།

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་ཚད་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་སྤེལ་བའི་འགན་ལེན་གལ་ཆེན་ཞིག་རེད།  རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྒྲིག་འཛུགས་གིས་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ཏེ་འགན་འཁུར་བློ་མཐུན་གཙོ་བོས་འགན་ཁུར་བ་ཨང་དང་པོའི་འགན་འཁྲི་འཁུར་བ་དང་།  འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སྦྱོང་བ་དང་། གཏིང་ཟབ་སྦྱོང་བ།  སྔོན་ལ་དག་ཐེར།  དག་ཐེར་ཏན་ཏིག་བཅས་བྱས་ཏེ“འགག་རྩའི་ཉུང་ཤས”ཀྱི་ནུས་པ་འདོན་པ་དང་སྣེ་འཁྲིད་མཁན་གྱི་ཕན་འབྲས་ཐོན་པར་བྱེད་དགོས།

ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་།  བསམ་འཆར་དང་གྲོས་འགོར་ནན་ཏན་ངང་ཉན་པ།  མཛུབ་ཁྲིད་ཚོགས་ཆུང་གི་སྐོར་སྐྱོད་མཛུབ་ཁྲིད་དང་། བབ་བསྟུན་འཐེན་བཤེར།  བརྟག་ཞིབ་བཅར་འདྲི་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱེད་དགོས།  ས་གནས་དང་གྲོང་ཁྱེར་ཁག་དང་།  ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཚན་པ་ཁག་དང་སྡེ་ཚན་ཁག་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  དོན་འཁྱོལ་ལ་དམ་འཛིན་བྱེད་པར་ལྟ་སྐུལ་གང་ལེགས་བྱས་ཏེ་དངོས་ཡོད་གནད་དོན་ཐག་གཅོད་ལ་འགན་ལེན་བྱེད་པ་དང་།  ཕན་འབྲས་མངོན་གསལ་ཐོབ་པར་བྱེད་དགོས།

ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་ངང་སྤེལ་བའི་ནང་དོན་གལ་ཆེན་ཡིན་ལ།  བརྩི་སྲུང་བྱེད་དགོས་པའི་རྩ་དོན་གལ་ཆེན་ཡང་ཡིན།  དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་།  “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཐོག་མའི་བསམ་འདུན་དང་ལས་འགན་དེ་ཏང་ཡོན་ལས་བྱེད་པའི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་དང་།  མཐའ་མཚམས་སུ་རྩ་བ་འཛུགས་པ་དང་བོད་ལ་སྐྱེས་སུ་འབུལ་བ་བཅས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་སྒྱུར་བ་དང་།  དངོས་སྒྲུབ་སྙིང་སྟོབས་ལ་བརྟེན་ནས་བྱ་གཞག་ཁག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།  གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་ཐུབ་པར་བྱས་ནས་ཏང་ཡོན་ལས་བྱེད་པས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བསྐྱེད་པའི་ལས་ཀའི་སྤྲོ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་དེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ་དང་བློ་རྩེ་གཅིག་སྒྲིམ་ངང་རང་འཁྲིའི་ལས་ཀ་ཡག་པོར་སྒྲུབ་པའི་བྱ་སྤྱོད་ངོ་མར་སྒྱུར་བ།  བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་པའི་ཐད་མངོན་པ་དང་།  དཔལ་འབྱོར་སྤུས་ཚད་མཐོན་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མུ་མཐུད་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ཐད་མངོན་པ།  དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་འགྲུབ་པའི་ཐད་མངོན་པ།  མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པ་དང་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་གང་ལེགས་བྱེད་པའི་ཐད་མངོན་པ།  མཐའ་མཚམས་གོང་འཕེལ་མགྱོགས་སུ་གཏོང་བ་དང་མཐའ་མཚམས་བརྟན་གཏོང་དང་མཐའ་མཚམས་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐད་མངོན་པ།  ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་མ་གཏོང་བའི་ཐད་མངོན་པ་བཅས་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།