གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དེ་དུས་རབས་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩི་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-03 12:37:29

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ།  ཟླ་6ཚེས་1ཉིན།  དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་11པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དེ་དུས་རབས་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩི་དགོས》ཞེས་པ་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་།  གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་སྤྱི་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་ལས་འགན་ཞིག  དུས་རབས་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞི་ཞིག་བཅས་རེད།  ང་ཚོས་འཐབ་ཇུས་འདིར་གོ་བ་གཏིང་ཟབ་བླངས་ནས“ཞིང་གསུམ”གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་བསམ་ཕྱོགས་ཁ་གསལ་དང་ངོས་འཛིན་གཏིང་ཟབ་བྱེད་པ་དང་ལས་དོན་ཏན་ཏིག་དང་ལེགས་པར་བསྒྲུབས་ཐོག་ཞིང་ལས་ཕྱོགས་ཡོངས་ནས་རིམ་སྤོར་དང་།  གྲོང་གསེབ་ཕྱོགས་ཡོངས་ནས་འཕེལ་རྒྱས།  ཞིང་པ་ཕྱོགས་ཡོངས་ནས་ཡར་རྒྱས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་རེད།

རྩོམ་ཡིག་ནང་།  ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མེད་ན་རྒྱལ་ཁབ་ཧྲིལ་པོའི་དེང་རབས་ཅན་མེད།  དེང་རབས་ཅན་གྱི་འཕེལ་རིམ་ནང་བཟོ་པ་དང་ཞིང་པའི་འབྲེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་ཇི་ལྟར་བྱེད་དགོས་པ་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་དེང་རབས་ཅན་མངོན་འགྱུར་ཐུབ་མིན་ཐག་གཅོད་བྱེད་ཀྱི་ཡོད།  རང་རྒྱལ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་བཟོ་ལས་དང་ཞིང་ལས་ཀྱི་འབྲེལ་བ་དང་།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་པའི་ནུས་པ་དང་ཆ་རྐྱེན་ལྡན་ཡོད་ཅེས་བསྟན་ཡོད་པ་རེད།

རྩོམ་ཡིག་ནང་།  ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱིའི་དམིགས་ཚད་ཡིན་ཞིང་།  ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱིའི་མཛད་ཕྱོགས་ཤིག་ཡིན་པ་དང་།  ཐོན་ལས་དར་རྒྱས་ཆེ་བ་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཡ་རབས་ལྡན་པ།  བཅོས་སྐྱོང་ནུས་ཕྱོད་ཆེ་བ། འཚོ་བ་འབྱོར་ཕྱུག་ལྡན་པ་བཅས་ནི་སྤྱིའི་བླང་བྱ་ཡིན་པ།  གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་སྲིད་ཇུས་ཀྱི་མ་ལག་བསྐྲུན་རྒྱུ་ནི་ལམ་ལུགས་ཀྱི་འགན་ལེན་ཡིན་པ་བཅས་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

རྩོམ་ཡིག་ནང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར།  དང་ཐོག་ཆོས་ཉིད་གཞིར་བཟུང་བྱ་བ་སྒྲུབ་དགོས།  ཞིང་པའི་མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་རའི་རིགས་གཉིས་ཀྱི་ཞིང་ལས་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་འགྲོ་བར་དམ་འཛིན་ཡག་པོ་བྱས་ནས་རིམ་པ་གཉིས་ཀྱི་གཉེར་སྐྱོང་ལམ་ལུགས་ལ་ནང་དོན་གསར་པ་བསྣན་ཏེ་ཞིང་ལས་གཉེར་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་།  ཀུན་སྤྱོད་ལ་བརྟེན་ནས་བཅོས་སྐྱོང་གི་ནུས་པར་མཐོང་ཆེན་བྱས་ནས་གུས་ལུགས་དང་དྲང་བདེན་གྱིས་ཕྱུག་པའི་རྒྱལ་ཁབ་དང་།  ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དང་།  ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་བཅས་གཅིག་རམ་གཅིག་འདེགས་ཡོང་བར་སྐུལ་འདེད་གཏོང་དགོས་པ།  གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཛུགས་པ་དང་སྲིད་ཇུས་ཀྱི་མ་ལག་མགྱོགས་མྱུར་བསྐྲུན་དགོས།  དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་སྔོན་ལ་སྒྲུབ་དགོས་པའི་ལས་འགན་ཞིག་རེད་ཅེས་བསྟན་ཡོད་པ་རེད།

རྩོམ་ཡིག་ནང་།  རིམ་ཁག་ཏང་ཨུད་དང་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།  གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རིང་།  གཤམ་གསལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུར་མཐོང་ཆེན་བྱེད་དགོས་པ་སྟེ།  གཅིག་ནི་ཡུན་རིང་གི་དམིགས་ཡུལ་དང་དུས་ཐུང་གི་དམིགས་ཡུལ་གྱི་འབྲེལ་བ་དང་།  གཉིས་ནི་རྩེ་རིམ་ཇུས་འགོད་དང་གཞི་རིམ་འཚོལ་ཞིབ་ཀྱི་འབྲེལ་བ།  གསུམ་ནི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་སྲིད་གཞུང་གི་ནུས་པ་དེ་བས་ལེགས་པར་འདོན་རྒྱུའི་འབྲེལ་བ།  བཞི་ནི་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་འཚམ་པར་བྱེད་པའི་འབྲེལ་བ་བཅས་རེད་ཅེས་བསྟན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།