བྱིས་པའི་ཕན་བདེ་ཁང་གི་སྤྲོ་སྣང་ལྡན་པའི“དྲུག་གཅིག”

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-06-03 12:37:24

མེ་ཏོག་གི་དྲི་ཞིམ་དང་གླུ་དབྱངས་ཀྱི་སྒྲ་དང་བསྟུན་ནས་ཕྲུ་གུ་ཚོས་རང་ཉིད་ཀྱི་དུས་ཆེན་ཏེ“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་བསུ་བ་ཞུ་བཞིན་མཆིས།

ཟླ་6ཚེས་1ཉིན་ལྷ་ས་གྲོང་ཁྱེར་དུ་ནམ་མཁའ་གཡའ་དག་ཅིང་ཉི་འོད་རབ་ཏུ་འཕྲོ།  ཕྲུ་གུ་ཚོའི་དགོད་སྒྲ་རྒྱུན་གཏན་ལས་མང་བ་གྲགས་པ་དང་།  ཁྱིམ་བདག་ཚོས་ཕྲུ་གུ་ཁྲིད་དེ་རོལ་རྩེད་ཁང་དང་བཟའ་བཏུང་ཁང་དུ་སོང་པའམ་ཡང་ན་རི་བོའི་འདབས་དང་ཆུ་བོའི་འགྲམ་དུ་ཕྱིན་ཏེ་རྩེད་འཇོར་རོལ་ནས་ནང་མི་མཉམ་འཛོམས་ཀྱི་དུས་བཟང་མཉམ་རོལ་བྱེད་བཞིན་མཆིས།

འོན་ཀྱང་ང་ཚོའི་འགྲམ་དུ་ད་དུང་འདི་ལྟ་བུའི་ཕྲུ་གུ་མང་དག་ཅིག་ཡོད་པ་ཁོང་ཚོར་ཕ་མའི་བྱམས་བརྩེ་ཐོབ་མྱོང་མེད་ཀྱང་ཕན་བདེ་ཁང་གི་དགེ་རྒན་ཚོ་དང་གཅེས་སེམས་ཨ་མ་སོགས་སེམས་རྩ་འཁོལ་བའི་མི་རྣམས་ཀྱི་རོགས་རམ་དང་བྱམས་བརྩེའི་འོག་དྲོ་སྐྱིད་ལྡན་ལ་བརྗེད་པར་དཀའ་བའི་བྱིས་པའི་དུས་ཆེན་ཞིག་དགའ་གཏོང་བྱེད་བཞིན་མཆིས།

ཟླ་6པ་ནི་བྱིས་པ་ཚོའི་རྨི་ལམ་གྱི་ཞིང་ཁམས་ཤིག་དང་འདྲ་ལ་བདེ་སྐྱིད་ལྡན་པའི་གླུ་དབྱངས་ཤིག་དང་ཡང་འདྲ།  རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་གི་ཚོགས་ཁང་ཆེན་མོའི་ནང་ཕྲུ་གུ་ཚོ་མཉམ་འཛོམས་ཀྱིས《བདེ་སྐྱིད་ལྡན་པའི་ལྷ་ས》ཞེས་པའི་འགོ་ཚུགས་ཞབས་བྲོའི་རོལ་དབྱངས་དང་བསྟུན་ནས་བདེ་སྐྱིད་ལྡན་པའི་དུས་ཆེན་དེ་གཏོང་འགོ་ཚུགས།

གར་སྟེགས་ཐོག་གི་འཁྲབ་སྟོན་པ་ཆུང་ཆུང་ཚོས་མི་རྣམས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ལེ་ཚན་བཤམས་ཤིང་།  སྐྱེས་པའི་རྐྱང་གཞས་དང་བུད་མེད་ཀྱི་མཉམ་བྲོ་ཡོད་ལ་མི་རྣམས་ངར་སེམས་འཕེལ་བའི་ཁྲོམ་བྲོ་ཡང་ཡོད་པས་གར་སྟེགས་འོག་ཏུ་ཡོད་པའི་གྲོགས་པོ་ཆུང་ཆུང་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།

འཆི་མེད་མཚོ་མོ་གཙོ་སྐྱོང་བའི་མིང་ཐོག་ནས་གར་སྟེགས་ཐོག་འདོན་ཐེངས་དང་པོ་ཡིན་ཞིང་།  ཁོ་མོའི་གདོང་ནས་འཛུམ་མདངས་འཕྱུར་ཞིང་ཡིད་ཆེས་ཀྱིས་ཁེངས་བཞིན་མཆིས།  ཁོ་མོས“མ་གཞི་ང་རང་ལ་དངངས་སྐྲག་ཅུང་ཟད་སྐྱེས་བྱུང་ནའང་ངས་འགྲན་སློང་རེ་རེ་ནི་འབྱུང་འགྱུར་དེ་བས་འཚར་ལོངས་ཡག་པོ་ཡོང་ཆེད་རེད་བསམ་གྱི་འདུག  དེ་ནི་ང་ཆེན་པོ་ཆགས་རྗེས་དམིགས་བསལ་དམག་མི་ཞིག་བྱེད་འདོད་པའི་ཕུགས་འདུན་ལྟར་འགྲན་སློང་དང་ལྐོག་འགྱུར་གྱི་ཁེངས་ཡོད།  ཡིན་ནའང་ཕུགས་འདུན་ཡིན་ཕྱིན་ངེས་པར་དུ་འབད་བརྩོན་ལྡབ་བརྒྱ་བྱེད་དགོས”ཞེས་བརྗོད།

གླུ་དབྱངས་ཀྱི་དབྱངས་བགྲོད་དང་བསྟུན་ནས་བྱེད་སྒོ་ཡང་མཇུག་འགྲིལ་ལ་ཉེ།  རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་གི་ཡོན་ཀྲང་གཞོན་པ་པའེ་ཡུས་ཧྥེང་གིས་མྱོང་ཚོར་ཟབ་མོས“ཕྲུ་གུ་ཚོས་དྲོ་སྐྱིད་དང་ཐུགས་ཁུར་དེ་བས་མང་བ་ཚོར་ཐུབ་པའི་རེ་བ་ཡོད།  ངས་ཕྲུ་གུ་ཚོར་ང་ཚོ་ཚང་མས་ཁྱོད་ཚོར་དགའ་པོ་ཡོད།  ཁྱེད་ཚོས་འཚོ་བར་དགའ་ཞེན་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བའི་རེ་བ་འཆང་གི་ཡོད་ཅེས་བརྗོད་འདོད་འདུག  ཕྲུ་གུ་ཚོ་སྤྲོ་སྣང་ལྡན་ན་ཉིན་ལྟར་བྱིས་པའི་དུས་ཆེན་རེད”ཅེས་བརྗོད།

བྱིས་དུས་ནི་ས་གཞི་གཤེན་པོ་དང་འདྲ་ལ་ཉི་གཞོན་དང་ཡང་མཚུངས། ཕྲུ་གུ་ཚོ།  དགའ་བའི་འཛུམ་མདངས་ཕྱུངས་ཤིག སྤྲོ་བའི་བྲོ་གར་ཁྲོབས་ཤིག  གླུ་དབྱངས་དང་འཛུམ་མདངས་ནམ་ཡང་ཁྱོད་ཚོའི་སེམས་ཀྱི་ཞིང་སར་གནས་པར་ཤོག  ཁྱེད་ཚོ་ཏང་གི་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།