འཕོ་འགྱུར་ཆེན་པོས་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-29 17:47:14

བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད།  དོན་ཆེན་གལ་ཆེན་མང་དག་ཅིག་ཐོན་མྱོང་ཞིང་།  ལོ་68གོང་གི་ཞི་བའི་བཅིངས་འགྲོལ་ནི་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ཁ་ལོ་སྒྱུར་མཚམས་ཤིག་ཡིན་པ་སྨོས་མེད་རེད།  རླབས་ཆེན་གྱི་མཛད་རྗེས་དེ་དྲོ་འཇམ་ཉི་འོད་དང་འདྲ་བར་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་མཐར་བསྐྲད་པ་དང་འཆིང་རྒྱ་ལས་རྦད་དེ་བསྒྲལ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་དབུས་སུ་འོད་ཟེར་དང་རེ་བའི་ས་བོན་བཏབ་ཡོད།  དུས་དེ་ནས་བཟུང་། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་།  ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར།  རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་།  འབད་འབུངས་ཆེར་སྐྱེད། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ།  དར་རྒྱས་གོང་འཕེལ་བཅས་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་ཁག་གི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད།

བགྲང་བྱ་68ཀྱི་དཀའ་སྤྱད་འབད་བརྩོན་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་ས་མཐོའི་བུ་ཕྲུག་ཚོས་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་བཏོད་པ་དང་།  དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་ཞིག་བཙུགས་པ།  འཕེལ་རྒྱས་དང་། བརྟན་ལྷིང་།  སྣོད་བཅུད་བཅས་བྱ་གཞག་ཁག་གི་དུས་རབས་ཀྱི་གསུང་སྒྲ་གྲགས་པ་སྟེ།  དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་བཏང་ནས་འཛམ་གླིང་ཧང་སངས་དགོས་པའི“བོད་ཀྱི་མྱུར་ཚད”བཏོད་དེ་ན་ནིང་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1477.6ཟིན་པ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)  མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁག་སོ་སོར་སྒོར་33797དང་སྒོར་11450ཟིན་ནས་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་སོང་སྟེ་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་།  ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གོང་བུ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི“རང་འགུལ་བརྟན་ལྷིང”གི་འདུན་པ་ཇེ་ཆེར་སོང་བ།  སྣོད་བཅུད་སྲུང་སྐྱོང་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་།  སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་སླར་གསོ་བྱུང་བ།  སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་བཅས་ལས་དེང་གི་བོད་ལྗོངས་སྔར་བཞིན་རི་སྔོ་ཞིང་ཆུ་མོ་དྭངས་བ་དང་མཁའ་རླུང་ཡུན་དུ་གཙང་མ་བཅས་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ།  ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་།  རིག་གནས་བྱ་གཞག་སྔར་བྱུང་མྱོང་མེད་པའི་དར་རྒྱས་སོང་བ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ཉིན་རེ་བཞིན་འགྱུར་ལྡོག་ཕྱིན་པ།  མཛེས་སྡུག་ལྡན་པའི་ཤང་གྲོང་ནམ་མཁའི་སྐར་ཚོགས་ལྟར་ཁྱབ་པ།  ཁྱད་ལྡན་ཐོན་ལས་གོང་འཕེལ་མྱུར་པོ་སོང་བ།  གསར་གཏོད་ལས་གཏོད་ཀྱི་ཚ་རླབས་འཕྱུར་བ་ལ་སོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་རེ་རེ་ལས་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མཚོན་ཐུབ་པ་དང་།  དེ་དག་ལས་བོད་ཀྱི་མི་དམངས་ཀྱི་འབད་བརྩོན་ལྷོད་མེད་དང་མཐུན་སྒྲིལ་འབད་འཐབ་ཀྱི་དཀའ་སྤྱད་བརྩོན་འགྲུས་འདུས་པ།  སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་གངས་ལྗོངས་ས་མཐོར་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་ར་སྤྲོད་ཐུབ་པ་བཅས་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་68འཁོར་བའི་དྲན་གསོ་ཡག་ཤོས་ཤིག་རེད།

མི་རྣམས་ཧང་སངས་དགོས་པའི“བོད་ཀྱི་མྱུར་ཚད”རྒྱུན་མཐུད་བཞིན་ཡོད་པ་དང་།  སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་སྟོང་འབར་བའི་གྲུབ་འབྲས་གཏོད་བཞིན་ཡོད་པ།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་སྲ་ཞིང་བརྟན་པ་ཞིག་བཅས་ཡོད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་བོད་དུ་ལས་དོན་སྒྲུབ་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ཏེ་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བསམ་བློ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་།  གོང་འཕེལ། འཐུས་ཚང་བཅས་བཏང་བ་དང་།  “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པ”ལ་སོགས་ཀྱི་རྣམ་བཤད་གལ་ཆེན་གསར་གཏོད་རང་བཞིན་ལྡན་པའི་ངང་བཏོན་ཏེ་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་།  མཐའ་མཚམས་འཛུགས་སྐྲུན། སྣོད་བཅུད་སྲུང་སྐྱོང་།  མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་དོན་ལ་བཀོད་སྒྲིག་གསར་པ་བྱས་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མེས་རྒྱལ་དང་དབུགས་ལམ་གཅིག་གྱུར་དང་།  བདེ་སྡུག་མཉམ་མྱོང་།  གཅིག་སེམས་གཅིག་སྦྲེལ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ།  “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་རྒྱུ་གཞི་རྩའི་བྱ་ཐབས་སུ་བརྩི་བ།  འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་པ་བཅས་བྱས་ནས་བོད་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་བཏོད་ཡོད།  དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་ཞི་མཐུན། སྣོད་བཅུད་བཟང་བ། མི་རིགས་མཐུན་སྒྲིལ།  ཆོས་ལུགས་འཆམ་མཐུན། མཐའ་མཚམས་སྲ་བརྟན། ཏང་འཛུགས་སྐྱོང་ལ་ཤུགས་སྣོན།  མི་དམངས་བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་ཡང་རྩེར་འགྱིང་ངེར་གནས་ཏེ་སྔར་ན་མེད་པའི་གསོན་ཤུགས་འཕེལ་བ་དང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འོད་མདངས་ཕྲ་ལྷམ་མེར་འཕྲོ་བཞིན་ཡོད།

བགྲང་བྱ་68ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་དང་གནམ་ས་བླ་འོག་ཏུ་གྱུར་པ་ལྟ་བུའི་འགྱུར་ལྡོག་ལས་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་དང་རླབས་ཆེན་མངོན་པ་དང་།  སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བླ་ན་མེད་པའི་ཁྱད་འཕགས་མངོན་པ།  རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ཆེན་པོ།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དོན་གཉེར་རྒྱུན་ཆད་མེད་པ་བཅས་འདུས་ཡོད།  འཕེལ་རྒྱས་ཀྱི་ངོ་མཚར་ལས་མི་རྣམས་ལ་སྐུལ་མ་ཐེབས་པ་མ་ཟད་དེ་བས་མི་རྣམས་ལ་ཧ་ཅང་རྩ་ཆེ་ལ་གཏིང་ཟབ་པའི་བློ་སྒོ་ཕྱེ་ཡོད།  ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་བར་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས།  ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་མཐའ་འཁྱོངས་བཅས་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་འགན་ལེན་བྱེད་པའི་རྨང་རྡོ་ཡིན།  དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ཉིད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཉིད་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ཚེ་བོད་ཀྱིས་གཞི་ནས་སྔར་བས་འོད་སྟོང་འབར་བའི་འབྱུང་འགྱུར་གཏོད་ཐུབ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།