གཞིས་རྩེ་གྲོང་ཁྱེར་གྱིས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-29 17:47:02

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར།  གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར།  གཞིས་རྩེ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་349སྐྲུན་འགོ་ཚུགས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་20.95བཏང་བ་རེད།  ད་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཡོངས་སྐྲུན་འགོ་འཛུགས་པ་དང་ཆབས་ཅིག  མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་དང་། གད་སྙིགས་གཙང་སེལ།  ཆུ་བེད་སྒྲིག་བཀོད། འཕྲིན་གཏོང་སྒྲིག་བཀོད།  ཆུ་མཁོ་འདོན་བཅས་ཀྱི་རྣམ་གྲངས་ཁག་གཅིག་གཙོ་གནད་དུ་ལག་ལེན་བསྟར་ཏེ།  མཐའ་མཚམས་གྲོང་ཚོ་དག་སྒྲིག་བཀོད་འཐུས་ཚང་དང་། ཐོན་ལས་དར་རྒྱས། སྣོད་བཅུད་ལེགས་པ།  ཁོར་ཡུག་མཛེས་སྡུག  རྣམ་པ་ཡིད་འོང་བཅས་ཀྱི་སྡོད་མལ་དང་ལས་ཀར་འཚམ་པའི་བདེ་སྐྱིད་ལྡན་པའི་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོ་ཞིག་ཏུ་སྐྲུན་ཐུབ་པའི་འགན་ལེན་བྱེད་མཁན་རེད།

2017ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཀོད་པའི《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་འཆར་གཞི(2017ལོ་ནས་2020ལོ་བར)》གཞིར་བཟུང་།  གཞིས་རྩེ་གྲོང་ཁྱེར་གྱིས་མཐའ་མཚམས་གྲོང་ཚོ་354ནུས་ཤུགས་ཡོད་རྒུས་བསྐྲུན་པ་དེ་དུད་ཚང་ཁྲི་2.99ཡི་མི་གྲངས་ཁྲི་12.85དང་འབྲེལ་བ་ཡོད་པ་མ་ཟད།  2017ལོར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་70དང་།  2018ལོར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་175  2019ལོར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་109བཅས་བསྐྲུན་པའི་གཏན་འཁེལ་ཡང་བྱས་པ་རེད།

དམིགས་ཚད་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས“གྲོང་ཚོ་གཅིག་ལ་འཆར་གཞི་གཅིག་དང་།  གྲོང་ཚོ་གཅིག་ལ་ཇུས་གཞི་གཅིག  གྲོང་ཚོ་གཅིག་ལ་ཁྱད་ཆོས་གཅིག”བཅས་ཀྱི་བླང་བྱར་གཞིགས་ནས།  མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་ཕན་ཚུན་ཟུང་འབྲེལ་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་མང་ཚོགས་ཀྱི་འདོད་བློ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བྱས་པའི་ཁར།  དོན་དངོས་ལ་གཞི་ཚུགས་པ་དང་ཁྱད་ཆོས་ལ་དམིགས་ཏེ།  མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་གྱི་བཀོད་འདོམས་པུའུ་བཙུགས་པ་དང་།  རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་པ། ལག་བསྟར་ཇུས་གཞི་འཐུས་སྒོ་ཚང་དུ་བཏང་བ།  ཐོན་ལས་ཀྱི་འཆར་གཞི་བཀོད་པ། དམིཌ་ཚད་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་བ།  ལྷག་པར་དུ་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ། སློབ་གསོ། ཚན་རིག རིག་གནས།  འཕྲོད་བསྟེན།  ཁོར་ཡུག་སྲུང་སྐྱོང་སོགས“མཐོར་གཏོང་འདུ་འགོད་བཅུ”ལ་དམིགས་ནས་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་གཏོང་རྣམ་གྲངས་གཙོ་གནད་བཀོད་སྒྲིག་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།