“མཁར་གདོང་ཞོག་ཁོག”གི་ཕྱུག་འགྱུར་གཏམ་རྒྱུད།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-24 16:56:18

ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་དགའ་ལྡན་ཆོས་འཁོར་གྲོང་ཚོའི་ལས་གཏོད་མཁན་སློབ་གྲྭ་ཆེ་མོ་བ་སྐལ་བཟང་གཡང་འཛོམས་ཀྱིས་སློབ་ཆེན་ཐོན་རྗེས་ལྷ་སའི་ཞིང་ལས་ཚན་རྩལ་ཀུང་སི་ཞིག་ཏུ་རང་མོས་ལས་ཞུགས་བྱས་པ་དང་།  ཞིང་ཁྱིམ་དུ་སྐྱེས་པའི་ཁོང་གིས་ལས་ཀ་བྱེད་རིང་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་ལས་བྱུང་བའི་ཧང་སངས་བའི་ཕན་འབྲས་དག་མཐོང་ཡོད།  ལོ་གཅིག་ལྷག་ཙམ་རིང་ཁོང་གིས་ལས་ཀ་ཧུར་ཐག་བྱེད་ཞོར་དུ་ཕ་ཡུལ་དུ་ཕྱིར་ལོག་ནས་ལས་གཏོད་བྱ་རྒྱུའི་འཆར་གཞི་བཀོད་པ་དང་།  2018ལོའི་ལོ་འགོར་དངོས་སུ་ཕ་ཡུལ་དུ་ལོག་པ་རེད།

ལྷུན་གྲུབ་རྫོང་མཁར་གདོང་གྲོང་ཚོའི“མཁར་གདོང་ཞོག་ཁོག”བྲོ་བ་ཞིམ་པོ་ཡོད་པས་གང་སར་སྐད་གྲགས་ཆོད་ཡོད།  2017ལོར་མཁར་གདོང་གྲོང་ཚོས་ཞོག་ཁོག་འདེབས་རྒྱུ་དེ་གྲོང་ཚོའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ནང་བཅུག་སྟེ་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་དབུལ་པོ་སྒྲིག་འཛུགས་བྱས་ནས་གཅིག་སྡུད་ཐོག་ཞོག་ཁོག་མུའུ་217བཏབ་པ་རེད།

2017ལོའི་ལོ་མཇུག་ཏུ“མཁར་གདོང་གི་ཞོག་ཁོག”ལ་ལོ་ལེགས་བྱུང་མོད།  འོན་ཀྱང་ཕྱིར་འཚོང་དཀའ་བས་གྲོང་མི་ཚོར་སེམས་ཁྲལ་ཆེན་པོ་བྱུང་ཡོད།  མཚོ་སྟོད་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་ཕུར་བཟང་གིས་གང་སར་ཞོག་ཁོག་འཚོང་ས་འཚོལ་བར་སྐྱོད་སྐབས་སྐལ་བཟང་གཡང་འཛོམས་དང་ངོ་ཤེས།

སྐལ་བཟང་གཡང་འཛོམས་ཀྱིས་དྲན་གསོ་བྱེད་བཞིན་དུ“སྐབས་དེ་དུས་ཧྲུའུ་ཅི་ཕུར་བཟང་གིས་རྣམ་གྲངས་ཀྱི་མདུན་ལམ་སྐོར་དང་།  གྲོང་ཚོའི་དཀའ་ངལ། ཕྱིར་འཚོང་ས་མེད་པ་སོགས་སྐོར་གླེང་བྱུང་བ་དང་།  ལྷག་པར་དུ་མང་ཚོགས་དབུལ་པོར་འབབ་འཕར་ཡོང་ཐབས་མེད་པའི་སྐོར་བརྗོད་སྐབས་ཧྲུའུ་ཅི་མིག་ཆུ་ཤོར་སོང་།  ཧྲུའུ་ཅི་མགོ་སྐྲ་དཀར་པོར་གྱུར་རུང་སེམས་པ་རྣམ་དག་གིས་དམངས་ཆེད་ལས་ཀ་བྱེད་པ་དེས་ང་ལ་སེམས་འགུལ་ཐེབས་བྱུང་།  རང་ཉིད་ཀྱིས་ཀྱང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་གདམ་ག་བྱས་ཟིན།  ལས་གཏོད་ཀྱི་གོམ་པ་དང་པོ་དེ་ཚང་མ་དང་མཉམ་དུ་སྤོ་རྒྱུའི་ཐག་བཅད་པ་ཡིན”ཞེས་བཤད།

ཧྲུའུ་ཅི་ཕུར་བཟང་ལ་མཉམ་དུ་ལས་གཏོད་བྱ་རྒྱུའི་ཁས་བླངས་པ་ནས་བཟུང་ལས་དུས་འཕར་མ་བྱ་རྒྱུ་དེ་སྐལ་བཟང་གཡང་འཛོམས་ཀྱི་རྒྱུན་གཏན་གྱི་ལས་ཀར་གྱུར་ནས་དཔྱད་གཞི་འཚོལ་བ་དང་།  རིགས་གཅིག་མཁས་ཅན་འཚོལ་བ། ཕྱིར་འཚོང་ཇུས་གཞི་འགོད་པ་བཅས་བྱེད་པ་དང་།  ཉིན་མོར་ཁོང་གིས་གྲོང་མི་ཁ་ཤས་འཁྲིད་ཅིང་ཞོག་ཁོག་དོ་པོ་ཁ་ཤས་འཁུར་ནས་ཁྱིམ་ཚང་རེ་རེ་དང་རྫོང་གྲོང་དང་ལྷ་ས་གྲོང་ཁུལ་གྱི་ཞིང་ཞོར་ཁྲོམ་ར་ཚང་མར་བྲིན་ཚོང་བྱེད་པར་བསྐྱོད་པ་རེད།

སྐལ་བཟང་གཡང་འཛོམས་དང་གྲོང་མི་ཚོའི་འབད་བརྩོན་འོག“མཁར་གདོང་ཞོག་ཁོག”ཕྱིར་ཚོང་བྱེད་ས་བརྟན་པོ་དང་རིན་གོང་ཡག་པོ་བྱུང་ཡོད་པ་རེད།

ད་ཆ་མཚོ་སྟོད་གྲོང་ཚོའི“མཁར་གདོང་ཞོག་ཁོག”ཇི་ཙམ་འཚོང་བ་དེ་ཙམ་གྱིས་བྲིན་ཁ་རྒྱུག་ཏུ་ཕྱིན་པ་དང་ལོ་ལེགས་ཡག་པོ་བྱུང་ནས་ཚང་མ་བློ་ཡིད་ཚིམ་པོ་བྱུང་ཡོད་མོད།  འོན་ཀྱང་སྐལ་བཟང་གཡང་འཛོམས་དེ་ཙམ་གྱིས་འདོད་བློ་ཁེངས་ཀྱི་མེད་པ་རེད།

ད་ཆ་སྐལ་བཟང་གཡང་འཛོམས་ཀྱིས“ཀུང་སི་དང་མཉམ་ལས་ཁང་། དུད་སྦྲེལ།  རྟེན་གཞི”བཅས་ཟུང་དུ་འབྲེལ་བའི་རྣམ་པར་བརྟེན་པ་དང་།  རྫོང་ཕྱོགས་བསྡུས་གཞུང་ལས་ཁང་གིས་མ་དངུལ་སྒོར་ཁྲི་50བཏང་ནས་རོགས་རམ་བྱས་པའི་འོག་ལས་སྒོའི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་།  ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་ཚོང་དང་ལས་སྣོན་བྱས་ཏེ་དུད་སྦྲེལ་ཚན་པ་31གི་ཡིད་དབང་བཀུག་ཅིང་།  དུད་ཚང་185མ་རྐང་ནང་ཞུགས་ཏེ་2018ལོར་རིམ་རྩིས་ལྟར་ན་འབབ་འཕར་སྒོར་ཁྲི་14བྱུང་ནས་གྲོང་མི་ཚོས་གྲོང་ཚོ་དང་ས་ཞིང་དང་ཁ་འབྲལ་མི་དགོས་པར་འབབ་འཕར་བྱུང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།