ཨེ་ཤེ་ཡའི་ཤེས་དཔལ་དང་འཛམ་གླིང་ཤེས་དཔལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-22 11:05:27

མིའི་རིགས་ཀྱི་ཤེས་དཔལ་སྣ་ཚོགས་སྤེལ་རེས་མཉམ་འདྲེས་དང་ཕན་ཚུན་སློབ་སྦྱོང་དང་མྱོང་ལེན་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་འཛམ་གླིང་དེ་བས་ཞི་མཐུན་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཡོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད།

“ཨེ་ཤེ་ཡའི་ཤེས་དཔལ་དང་འཛམ་གླིང་ཤེས་དཔལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས”ཞེས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཨེ་ཤེ་ཡའི་ཤེས་དཔལ་གྱི་གླེང་མོལ་ཚོགས་ཆེན་གྱི་འགོ་འཛུགས་མཛད་སྒོའི་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་དེས།  ཤེས་དཔལ་ཕན་ཚུན་སྤེལ་རེས་དང་མྱོང་ལེན་བྱེད་པ་དང་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་ཆེད།  ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་སྐྱེས་སུ་ཕུལ་བ་དང་།  རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཆེད།  ཀྲུང་གོའི་དགོངས་ཚུལ་དང་ཀྲུང་གོའི་གྲོས་འགོ་བཏོན་གནང་བ་དེས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱེད་པའི་གནམ་འོག་གི་བརྩེ་སེམས་གང་ལེགས་མཚོན་པ་དང་མིའི་རིགས་ཀྱི་ཤེས་དཔལ་ལ་འོད་ཟེར་རབ་ཏུ་འཕྲོ་བར་ཤུགས་སྣོན་རྒྱག་པའི་ལོ་རྒྱུས་ཀྱི་འགན་འཁྲི་གང་ལེགས་མངོན་པར།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་བ་དང་མནོ་བསམ་ཟབ་མོ་བཏང་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས“མིའི་རིགས་ལ་ཤ་རྩི་དང་སྐད་རིགས་ཀྱི་དབྱེ་བ་ཡོད་པ་དང་ཤེས་དཔལ་ལ་རྣམ་པར་བཀྲ་མིན་གྱི་ཁྱད་ཆོས་ཡོད་མོད།  འོན་ཀྱང་མཐོ་དམན་དང་ལེགས་ཞན་གྱི་ཁྱད་པར་གཏན་ནས་མེད”ཤེས་དཔལ་ཚང་མ་རང་ཉིད་འཚོ་གནས་བྱེད་པའི་ས་རྒྱུར་གཞི་ཚུགས་པ་དང་དེ་ལས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་སྤྱིར་བཏང་མིན་པའི་བློ་གྲོས་དང་བསམ་པའི་དོན་གཉེར་གཅིག་སྡུད་བྱས་ཏེ་ཚང་མར་རང་རང་སོ་སོའི་རིན་ཐང་ལྡན་ཡོད།  རང་ཉིད་ཀྱི་མི་རྒྱུད་དང་ཤེས་དཔལ་གཞན་ལས་ལྷག་པའི་ངོས་འཛིན་བྱེད་པ་དེ་ནི་ཤེས་དཔལ་གཞན་དག་ཨུ་ཚུགས་ཀྱིས་སྒྱུར་བཀོད་བྱེད་པ་དང་ཐ་ན་ཚབ་བྱེད་འདོད་པ་དེ་ནི་ངོས་འཛིན་ཐད་བླུན་རྨོངས་དང་བྱེད་ཐབས་ཐད་ཆག་སྒོ་ཆེན་པོ་ཞིག་རེད།  གལ་ཏེ་མིའི་རིགས་ཀྱི་ཤེས་དཔལ་སྣ་ཁ་གཅིག་དང་རྣམ་པ་གཅིག་ལས་མེད་ཚེ།  འཛམ་གླིང་དེ་ཆོ་མེད་བྲོ་མེད་ཅིག་ཏུ་གྱུར་སྲིད།  བཙན་ཤེད་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་ཤེས་དཔལ་གྱི་ཧེ་བག་ཐག་གཅོད་བྱ་རྒྱུའི་བསམ་བློ་མཐའ་དག་ལམ་ལྷོངས་ཡོང་མི་སྲིད་ལ་དེ་ལས་ལྡོག་ཏེ་འཛམ་གླིང་གི་ཤེས་དཔལ་ལ་གོད་ཆག་བཟོ་སྲིད་པ་ལོ་རྒྱུས་ལས་ར་སྤྲོད་ཡང་ཡང་བྱས་ཡོད།  ཤེས་དཔལ་ཁག་ལ་ལོངས་སྤྱོད་བྱེད་ཤེས་པའི་མིག་ཟུང་དགོས་པ་ལས་ཤེས་དཔལ་སྣ་ཚོགས་དབར་འགལ་ཟླ་མེད།  “ཤེས་དཔལ་གདོང་ཐུག་སྨྲ་བ”དང“ཤེས་དཔལ་ལེགས་ཞན་སྨྲ་བ”ཟེར་བ་དེ་ནི་ང་རྒྱལ་དང་ཕྱོགས་ལྷུང་གིས་མིག་ཟུང་སྒྲིབ་པའམ་ཡང་ན་ངན་ཤེད་སྒལ་རལ་གྱིས་རིག་གནས་བཙན་ཤེད་ངང་ཁྱབ་གདལ་གཏོང་གི་ཡོད།  ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་ཞིག་གིས་བཤད་པ་ལྟར།  དངོས་གནས་ཀྱི་ཤེས་དཔལ་དབར་གདོང་ཐུག་དང་འགྲན་རྒོལ་ཐོན་མི་འོས་ལ་ཐོན་མི་སྲིད་པ་ཞིག་ཀྱང་རེད།  ཤེས་དཔལ་མི་འདྲ་བའི་དབར་ཧེ་བག་ཡོད་པས་ཕན་ཚུན་བརྩི་འཇོག་བྱེད་དགོས་པ་དང་གླེང་མོལ་སྤེལ་རེས་དང་།  ཕན་ཚུན་མྱོང་ལེན་བྱེད་པ།  དགེ་སྤེལ་སྐྱོན་སྤངས་བཅས་བྱས་ཚེ་གཞི་ནས་འཛམ་གླིང་ཡུན་རིང་ཞི་བདེ་དང་མིའི་རིགས་ཞི་མཐུན་མཉམ་གནས་ཡོང་ཐུབ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཚེ་སྲོག་གི་སྐྱེ་ལྡན་ཕུང་པོ་མཐའ་དག་རྙིང་འབུད་གསར་ལེན་བྱེད་དགོས་པ་དང་དེ་ལྟར་མིན་ཚེ་ཚེ་སྲོག་གནས་མི་ཐུབ།  ཤེས་དཔལ་ཡང་དེ་དང་འདྲ་བར་གལ་ཏེ་ཡུན་རིང་རང་ངོས་སྒོ་བརྒྱབ་ཚེ་ཉམས་རྒུད་འགྲོ་ངེས་རེད”ལོ་རྒྱུས་ཀྱིས་ང་ཚོར་གསལ་བཤད་བྱས་དོན།  སྤེལ་རེས་དང་མྱོང་ལེན་བྱས་ཚེ་གཞི་ནས་ཤེས་དཔལ་ལ་གསོན་ཤུགས་རྒྱས་ཐུབ།  གལ་ཏེ་རྒྱལ་ཁབ་ཁག་སླར་ཡང་རང་ངོས་སྒོ་རྒྱག་གི་ཁེར་ཆགས་གླིང་ཕྲན་དུ་ལོག་ཚེ།  མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་གཏན་ནས་མ་བྱས་པའི་དབང་གིས་གསོན་ཤུགས་ཉམས་སྲིད།  ཤེས་དཔལ་ཁག་གི་སྙིང་དོན་ཤེས་རྟོགས་བྱེད་པར་ངེས་པར་དུ་འདྲ་མཉམ་དང་ཁེངས་སྐྱུངས་ཀྱི་རྣམ་འགྱུར་འཛིན་པ་དང་སྒོ་དབྱེ་བསྟུན་མཁས་དང་ཕན་ཚུན་སློབ་སྦྱོང་དང་མྱོང་ལེན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས།  གལ་ཏེ་ཤེས་དཔལ་གཞན་དག་ལ་ཕར་རྒོལ་དང་དམའ་འབེབས་གཏོང་བ་དང་། ང་ཆེ་ང་བཙན།  མཐོ་སྡོད་གཤམ་གནོན་བཅས་ཀྱི་ལྟ་སྟངས་འཛིན་ཚེ།  ཤེས་དཔལ་གཞན་དག་གི་ངོ་མཚར་རྟོགས་མི་ཐུབ་པ་མ་ཟད།  དེ་དང་གཏན་ནས་མཐུན་མི་ཐུབ་པའི་ཁར་མཐར་རང་ཉིད་ཀྱི་ཤེས་དཔལ་དེའང་སྒོ་རྒྱག་ཁྲོད་དེ་བས་འཕེལ་མེད་སོར་གནས་སྲིད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་བཤད་གནང་བ་ལྟར།  “ཤེས་དཔལ་སྤེལ་རེས་དང་ཕན་ཚུན་མྱོང་ལེན་བྱེད་རྒྱུ་དེ་འདྲ་མཉམ་དང་དོ་སྙོམས་ཤིག་དང་།  རྒྱུ་མང་དང་ཕྱོགས་མང་ཞིག་ཡིན་དགོས་པ་ལས་བཙན་ཤེད་བཙན་སྐུལ་དང་ཕྱོགས་རྐྱང་པ་ཞིག་ཡིན་མི་རུང”ཞེས་པ་དེ་རེད།  མདའ་ཤོང་མདུང་ཤོང་གི་ཁོག་ཡངས་ལ་བརྟེན་ནས་རིག་གནས་སྤེལ་རེས་དང་མཉམ་སྡུད་མཉམ་གསོག་གི་རྣམ་འགྱུར་ཐོག་ནས་ཤེས་དཔལ་གཞན་དག་གི་འཚོ་བཅུད་བསྡུ་ལེན་བྱས་ཚེ་ཤེས་དཔལ་ཞིག་གཞི་ནས་རྒྱུན་མཐུད་ཐུབ་པ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་ལྡུམ་རར་མེ་ཏོག་སྣ་ཚོགས་བཞད་སྲིད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་གནང་དོན།  “སྤེལ་རེས་དང་མྱོང་ལེན་བྱེད་རྒྱུ་ནི་ཤེས་དཔལ་འཕེལ་རྒྱས་ཀྱི་ངོ་བོའི་བླང་བྱ་རེད”མིའི་རིགས་ཀྱི་ལོ་རྒྱུས་ནི་ཤེས་དཔལ་མི་འདྲ་བ་ཕན་ཚུན་སྤེལ་རེས་དང་།  མྱོང་ལེན་བྱེད་པ། མཉམ་འདྲེས་བཅས་ཀྱི་བརྗིད་ཆེའི་རི་མོ་ལྟ་བུ་ཞིག་རེད།  ཨེ་ཤེ་ཡའི་མི་དམངས་ཀྱིས་འོད་སྟོང་འབར་བའི་ཤེས་དཔལ་འབྲས་བུ་བཏོད་པ་དང་ཨེ་ཤེ་ཡའི་ཤེས་དཔལ་དེ་རང་ངོས་ཀྱི་ནང་ཁུལ་དང་འཛམ་གླིང་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་མྱོང་ལེན་བྱེད་པའི་ཁྲོད་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད།  ཨེ་ཤེ་ཡའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཀྲུང་ཧྭ་ཡི་ཤེས་དཔལ་ད་བར་རྒྱུན་འཛིན་ཐུབ་ནས་མཚམས་ཆད་མྱོང་མེད་པ་དང་།  དེ་ནི་ཀྲུང་གོའི་ས་གཞི་ཆེ་མོར་ཐོན་པའི་ཤེས་དཔལ་ཞིག་ཡིན་ལ་ཤེས་དཔལ་གཞན་དག་དང་སྤེལ་རེས་དང་མྱོང་ལེན་བྱེད་རེས་ཟམ་མི་ཆད་པར་བྱས་པ་ལས་གྲུབ་པའི་ཤེས་དཔལ་ཞིག་ཀྱང་རེད།  ལོ་རྒྱུས་དང་དངོས་ཡོད་ལས་གསལ་བཤད་གང་ལེགས་བྱས་དོན།  རང་ངོས་ཀྱི་ཤེས་དཔལ་དང་ཤེས་དཔལ་གཞན་དབར་གྱི་ཧེ་བག་རང་བཞིན་ངོས་འཛིན་ཟབ་ཏུ་གཏོང་བ་དང་ཕན་ཚུན་སྤེལ་རེས་དང་།  ཕན་ཚུན་སློབ་སྦྱོང་།  ཕན་ཚུན་མྱོང་ལེན་བྱེད་པ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཤེས་དཔལ་མི་འདྲ་བའི་དབར་སྤེལ་རེས་གླེང་མོལ་དང་ཞི་མཐུན་མཉམ་གནས་བྱེད་རྒྱུར་གཞོལ་ཚེ།  གཞི་ནས་ཨེ་ཤེ་ཡའི་ཤེས་དཔལ་དང་འཛམ་གླིང་ཤེས་དཔལ་དབར་སྤེལ་རེས་དང་མྱོང་ལེན་བྱེད་པའི་ཁྲོད་ཐུན་མོང་ཐོག་མདུན་སྐྱོད་ཐུབ་སྟེ།  དེ་བས་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་སྲིད།  ཤེས་དཔལ་སྤེལ་རེས་དང་ཕན་ཚུན་མྱོང་ལེན་བྱེད་རྒྱུར་སྐུལ་འདེད་བཏང་ཚེ་གཞི་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྙིང་དོན་དེ་བས་ཟབ་པའི་བསམ་པའི་འཚོ་བ་ལོངས་སྤྱོད་ཐུབ་པ་དང་དེ་བས་གདམ་ག་མང་བའི་འབྱུང་འགྱུར་གསར་གཏོད་ཐུབ་རྒྱུ་རེད།

ཨེ་ཤེ་ཡའི་ཤེས་དཔལ་གྱི་གླེང་མོལ་ཚོགས་འདུའི་མཚོན་རྟགས་ཀྱིས་ཤེས་དཔལ་མཚར་སྡུག་རྣམ་པར་བཀྲ་བ་ཞིག་ཡོད་པ་མཚོན་པ་དང་ཤེས་དཔལ་གྱི་སྤེལ་རེས་དང་གླེང་མོལ་གྱི་གོ་དོན་ཟབ་མོ་ཤུགས་ལ་བསྟན་ཡོད།  འདྲ་མཉམ་དང་། ཕན་ཚུན་མྱོང་ལེན་བྱེད་པ། གླེང་མོལ།  བསྟུན་མཁས་བཅས་ཀྱི་ཤེས་དཔལ་གྱི་ལྟ་བ་བཙུགས་ཏེ་ཤེས་དཔལ་སྤེལ་རེས་བྱས་ནས་ཤེས་དཔལ་གྱི་འགལ་ཟླ་སེལ་བ་དང་།  ཤེས་དཔལ་ཕན་ཚུན་མྱོང་ལེན་བྱས་ནས་ཤེས་དཔལ་གྱི་གདོང་ཐུག་སེལ་བ།  ཤེས་དཔལ་མཉམ་གནས་ལ་བརྟེན་ནས་ཤེས་དཔལ་གྱི་ཁྱད་འཕགས་ཚད་བརྒལ་བཅས་བྱས་ཚེ་ང་ཚོས་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ཀྱི་རྨང་གཞི་བརྟན་གཏོང་དང་མཉམ་སྐྲུན་ཐུབ་ངེས་ཡིན་པ་དང་ཨེ་ཤེ་ཡའི་ཤེས་དཔལ་དང་འཛམ་གླིང་ཤེས་དཔལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།