ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-15 10:56:12

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་13ཉིན་གནས་ཚུལ་འབྱོར་གསལ།  ཚེས་13ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་།  ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི།  རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་འབྲེལ་ཡོད་ལས་དོན་ལ་བགྲོ་གླེང་གནང་བ་རེད།

ཚོགས་ཞུགས་བློ་མཐུན་ཚོའི་གཏམ་བཤད་གསན་རྗེས་ཏིང་ཡེ་ཤན་གྱིས་ལས་ཞུགས་ནི་དམངས་འཚོའི་གནད་དོན་ཆེ་ཤོས་ཡིན་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔ་ཕྱི་བར་གསུམ་དུ་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཞུགས་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་ལས་ཞུགས་བརྟན་པོ་ཡོང་རྒྱུ་དེ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྱི“བརྟན་པོ་དྲུག”ནང་ཨང་དང་པོར་བཞག་ཡོད།  ཙུང་ལི་ལི་ཁེ་ཆང་གིས་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དེ་གཞི་ཆེའི་སྲིད་ཇུས་ཁྲོད་ཐོག་མར་བཞག་ཡོད།

ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག  གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་ཞུགས་བརྟན་པོ་ཡོང་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།  “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རྩ་བའི་བྱེད་ཐབས་སུ་བརྩིས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ཡོད།  རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། གཙོ་གནད་མངོན་གསལ་དང་གནད་སྨིན་ཤུགས་འདོན།  ལས་ཞུགས་བརྟན་པོ་ཡོང་བའི་བྱེད་ཐབས་ཁག་དམིགས་སར་འཁྱོལ་རྒྱུར་དམ་འཛིན་ནན་པོ་བཅས་བྱས་ནས་རང་ལྗོངས་ཀྱིས་སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་གང་ལེགས་ཐུབ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསུངས་པ་རེད།

གོམ་སྟབས་རྗེས་མའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་ཆེད།  ཏིང་ཡེ་ཤན་གྱིས་གཅིག་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་དགོས།  ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་། བརྟན་ལྷིང་གི་རྨང་གཞི།  ཞི་མཐུན་གྱི་འབྱུང་རྩ་བཅས་ཡིན་པས།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་།  ཤེས་ལྡན་མི་སྣའི་དགོས་མཁོའི་འབྲེལ་བ་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་དང་།  མཐོ་སློབ་སློབ་ཐོན་སློབ་མའི་གཞི་ཁྱོན་ལུགས་མཐུན་གཏན་འཁེལ།  རིག་ཚན་ཆེད་ལས་གྲུབ་ཆ་ལེགས་སྒྲིག་བཅས་བྱས་ཏེ་སྤྱོད་མཁོའི་རང་བཞིན་དང་ཆེད་ལས་རང་བཞིན་གྱི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པ་དང་།  གཉིས་ནས་ཀྲུང་དབྱང་གི་ལས་ཞུགས་བྱེད་ཕྱོགས་མཐའ་འཁྱོངས་བྱེད་དགོས།  ངལ་རྩོལ་པས་རང་བརྟེན་ལས་ཞུགས་དང་། ཁྲོམ་རས་ལས་ཞུགས་སྙོམས་སྒྲིག  སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ལས་གཏོད་ལ་སྐུལ་ལྕག་བྱེད་པའི་བྱེད་ཕྱོགས་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  རང་ལྗོངས་ཀྱི་ལས་ཞུགས་ལས་དོན་གྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པ།  དོན་དངོས་དང་ཟུང་འབྲེལ་གྱིས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ།  ལས་ཞུགས་སྔོན་འགྲོའི་འཐབ་ཇུས་དང་དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བཅས་བྱས་ཏེ་ཁྲོམ་ར་ཅན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་གང་མང་ཐུབ་པའི་འགན་ལེན་བྱེད་དགོས་པ།  གསུམ་ནས་འབྲེལ་ཡོད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།  ཤེས་ལྡན་མི་སྣ་འཆར་འགོད་དང་འབྲེལ་ཡོད་བསྡོམས་རྩིས་ལས་དོན་ཡག་པོ་བསྒྲུབས་ནས་ཀྲུང་དབྱང་ཁེ་ལས་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་ཞུགས་བོད་སྐྱོར་ལས་དོན་འབྲེལ་མཐུད་བྱེད་ཟབ་ཏུ་གཏོང་བ་དང་།  ཐོན་ཁུངས་ཁག་བསྡུ་སྒྲིལ་གྱིས་ལས་ཞུགས་ཀྱི་སྟེགས་བུ་ཡག་པོ་བསྐྲུན་པ།  ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་ལས་ཀའི་ལས་གནས་འདང་ངེས་མཁོ་འདོན་བྱེད་དགོས་པ།  བཞི་ནས་ལས་ཀའི་རྨང་གཞི་བརྟན་དུ་གཏོང་དགོས།  གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་གིས་འགན་འཁྲི་ཁག་བགོས་གསལ་པོ་ཡོང་བ་དང་།  སྲིད་ཇུས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ།  མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ།  ལྔ་ནས་བསམ་བློ་ཆབ་སྲིད་ལས་དོན་ཡག་པོ་སྒྲུབ་དགོས།  ཆབ་སྲིད་ཀྱི་བླང་བྱ་མངོན་པར་བྱས་ཏེ་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་།  མི་ཚེའི་ལྟ་བ།  རིན་ཐང་ལྟ་བ་བཅས་བརྟན་པོ་འཛུགས་རྒྱུར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ནས་ཀུན་སྤྱོད་དང་།  ཤེས་རིག ལུས་རྩལ། མཛེས་རིག  ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་ཧུར་ཐག་བྱེད་དགོས་པ།  དྲུག་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱིམ་བདག་དང་།  ལྷག་པར་དུ་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མ་ཚོས་ལས་ཞུགས་ཀྱི་འདུ་ཤེས་སྒྱུར་རྒྱུར་ཁྲིད་སྟོན་དང་།  རང་ངོས་ཀྱི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ།  ཁྲོམ་རར་ལས་ཞུགས་ཐུབ་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།