གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུ་ཡང་གནད་སྨིན་ཡོང་བ་བྱེད་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-03-01 10:36:23

མིག་སྔར། རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་ཇེ་ཆེར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་ལྡོག་བྱུང་གཤིས། དེས་སྤྱི་པའི་ཞབས་ཞུར་རེ་བ་གསར་པ་དེ་བས་མཐོ་བ་བཏོན་ཡོད། མི་འབོར་འཕར་དྲགས་པ་དང་། ཁོར་ཡུག་སྦགས་བཙོག་མང་བ། འགྲིམ་འགྲུལ་འཚང་ཁ་ཆེ་བ་སོགས“གྲོང་ཁྱེར་གྱི་གཅོང་ནད”དེ་རིགས་ཀྱིས་གྲོང་ཁྱེར་དོ་དམ་པའི་བློ་གྲོས་དང་ནུས་པར་ཚོད་བགམ་དྲག་པོ་བཟོ་གི་ཡོད། ཇི་ལྟར་བྱས་ནས“གྲོང་ཁྱེར་གྱི་གཅོང་ནད”སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་སྤུས་ཚད་དེ་བས་མཐོ་བའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས་སམ། དེའི་རྩ་བ་ནི་སྤྱི་པའི་ཞབས་ཞུའི་ནུས་པ་གནད་སྨིན་ངང་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བློ་ཡིད་ཚིམ་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཐུག་ཡོད།

སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སྤྱི་པའི་ཞབས་ཞུའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་བ་བཅས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་སྣ་མང་ཅན་དང་རང་གཤིས་ཅན་གྱི་སྤྱི་པའི་ཞབས་ཞུའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་དང་། སྤྱི་པའི་ཞབས་ཞུ་སྤྱི་ཚོགས་ཅན་དང་སྣ་མང་ཅན་ལ་སྐུལ་འདེད་བཏང་སྟེ། སྲིད་གཞུང་གིས་མཁོ་འདོན་བྱས་པའི་སྤྱི་པའི་ཞབས་ཞུ་བྱེད་སྟངས་ལེགས་སུ་གཏོང་བ་དང་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱེད་སྟངས་བརྒྱུད་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་པའི་ཞབས་ཞུའི་ནང་ཞུགས་ནས་སྤྱི་པའི་ཞབས་ཞུའི་ལས་ཆོད་ཆེ་རུ་གཏོང་རྒྱུར་བསྔགས་སྐུལ་བྱེད་དགོས།

མང་ཚོགས་སྤྱི་པའི་ཞབས་ཞུའི་ནང་ཞུགས་པའི་ཐབས་ཇུས་ཀྱི་ཕུགས་ཕན་ལམ་སྲོལ་བཟོས་ནས། བརྟག་ཞིབ་ལམ་ལུགས་དང་ཐེ་ཞུགས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། མང་ཚོགས་ཚོར་སྤྱི་པའི་ཞབས་ཞུའི་ཆ་འཕྲིན་ཤེས་རྟོགས་དང་སྤྱི་པའི་ཞབས་ཞུའི་བརྒྱུད་རིམ་ནང་ཞུགས་ཚེ་ཞབས་ཞུ་གང་འདྲ་ཞིག་དགོས་པ་དང་དགོས་མཁོ་དངོས་ལ་འགྱུར་ལྡོག་གང་ཡོད་མེད་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་བྱས་ཚེ། སྤྱི་པའི་ཞབས་ཞུའི་ནང་དོན་དང་བྱེད་སྟངས་གསར་གཏོད་ལ་སྐུལ་མ་ཐེབས་པ་དང་སྤྱི་པའི་ཞབས་ཞུའི་སྤུས་ཚད་དངོས་འབྲེལ་མཐོ་རུ་འགྲོ་ཐུབ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།