མང་ཚོགས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་ལ་གྱུར་བ་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-27 10:42:59

ན་ནིང་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་དམངས་སྲོལ་འཛུགས་སྐྱོང་དང་ཁོར་ཡུག་བཅོས་སྒྲིག་ལ་སྟངས་འཛིན་དམ་ཟབ་བྱས་ཏེ་སྔོ་ཞིང་དྭངས་བའི་རི་ཆུ་བརྟན་སྲུང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གང་མགྱོགས་བྱས་ནས་སྡོད་མལ་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་དང་སྒྲིག་བཀུར་ཁྲིམས་སྲུང་གི་འདུ་ཤེས་ཟབ་ཏུ་བཏང་བ།

ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་བྱེད་པ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་དམངས་ཕན་གྱི་སྲིད་ཇུས་ཁག་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་མི་རིགས་ཆོས་ལུགས་སོགས་ཀྱི་སྒྲོལ་འགྲེལ་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ཡོད།

ད་བར་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་དམངས་ཕན་གྱི་སྲིད་ཇུས་སྒྲོག་འགྲེལ་ཐེངས་8800ལྷག་ཙམ་བྱས་པ་དང་། ཆེད་དོན་དྲིལ་བསྒྲགས་སྒྲོམ་སྟེགས་ཐོག་དྲིལ་བསྒྲགས་ཐེངས་2800ལྷག་ཙམ་བྱས་པ། དྲིལ་བསྒྲགས་དཔྱད་གཞི་91800ལྷག་ཙམ་སྤྲད་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་སིམ་འཛུལ་དང་གཏོར་བཤིག་བཀག་འགོག་གི་བྱེད་སྤྱོད་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་སོགས་ཀྱི་ཆེད་དོན་ཚོགས་འདུ་ཐེངས་3400ལྷག་ཙམ་སྤེལ་བ་དང་འཚོགས་པར་མང་ཚོགས་མི་ཐེངས་ཁྲི་19ཞུགས་ཡོད། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཐེངས་3400ལྷག་ཙམ་དྲིལ་བསྒྲགས་བྱས་པ་དང་སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་ཁྲི་17ཙམ་ཟིན་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས“བདུན་ལྔ”ཁྲིམས་ལུགས་ཁྱབ་གདལ་དང་སྒྲོག་འགྲེལ་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་བ་དང་། གྲོང་གསེབ་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཞིང་འབྲོག་པས་ཤེས་ཐུབ་པ་དང་། གོ་བ་ལེན་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བདམས་ཏེ་སྒྲོག་འགྲེལ་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་རང་རྟོགས་ཟམ་མི་ཆད་པར་ཟབ་ཏུ་དང་ཆེ་རུ་ཕྱིན་ཡོད།

ད་བར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་ཏང་ཡོན་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་གསར་དུ་དག་བཅོས་བྱས་པའི《རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》 《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་ཐེངས་5000ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་23ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད། ཞིང་འབྲོག་མང་ཚོགས་ལ་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་དོགས་ཟོན་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་ཐེངས་3500ལྷག་ཙམ་བྱས་པར་ཞུགས་མཁན་མང་ཚོགས་མི་ཐེངས་ཁྲི་14ལྷག་ཙམ་ཟིན་ཡོད།

ལས་བརྩོན་ཕྱུག་འགྱུར་གྱི་སྒུལ་ཤུགས་འཕེལ་བ་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་མགྱོགས་སུ་བཏང་བ།

ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས“མི་གཅིག་གསོ་སྦྱོང་བྱས་ནས་ཁྱིམ་ཚང་གཅིག་དབུལ་སྒྲོལ་དང་ཁུལ་གཅིག་ལ་སྐུལ་ཁྲིད་བྱ་རྒྱུ”དམིགས་ཚད་དུ་བཟུང་སྟེ་མི་སྤྱི་དང་ཞིང་འབྲོག་སོགས་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་པ་དང་། མངགས་ཐོའི་རྣམ་པའི་གསོ་སྦྱོང་དང་། གནས་གཏན་འཁེལ་གྱི་གསོ་སྦྱོང་། ཕྱིར་སྐྱོད་གསོ་སྦྱོང་། གཤམ་སྐྱོད་སློབ་ཁྲིད་གསོ་སྦྱོང་སོགས་ཀྱི་ཐབས་ལམ་ལ་་བརྟེན་ནས་གསོ་སྦྱོང་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཀྱི་ལས་གཏོད་དང་འབབ་འཕར་ཕྱུག་འགྱུར་ལ་རྒྱབ་སྐྱོར་བྱས་ཡོད།

ད་བར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་གསོ་སྦྱོང་སྣ་ཚོགས་ཐེངས་980ལྷག་ཙམ་བྱས་པ་དང་ཞིང་འབྲོག་པ་2219ཕྱིར་སྐྱོད་ལས་ཞུགས་ཡོང་བར་རོགས་རམ་བྱས་པར་བསྡོམས་ཡོང་འབབ་སྒོར་ཁྲི་570ལྷག་ཙམ་བྱུང་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་གྲོང་ཚོ(གྲོང་ལྷན)ཁག་གི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ནས་གྲོང་ཚོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་གྲོང་སྲོལ་དམངས་ཆིངས་ནང་བཅུག་པ་དང་། ཁོར་ཡུག་བཅོས་སྒྲིག་རུ་ཁག་བཙུགས་པ། གྲོང་ཚོ(གྲོང་ལྷན)ཁག་གི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ནས་སྣོད་བཅུད་དྲིལ་བསྒྲགས་པར་ལས་གནས་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པའི་སྐུལ་ལྕག་བྱས་པ། གྲོང་གསེབ་ཀྱི་ཁོར་ཡུག་དང་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་གཙང་ཞིང་གྲལ་སྟར་འགྲིག་ལ་ཤེས་དཔལ་ལྡན་པའི་གྲོང་ཚོའི་རྣམ་པ་ཞིག་བཏོད་ཡོད།

ད་བར་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་བཙོག་ཟིང་ཞན་གསུམ་བཅོས་སྒྲིག་ཐེངས་10600ལྷག་ཙམ་བྱས་པ་དང་། གྲོང་ཚོ(གྲོང་ལྷན)ཁག་གི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ནས་ཤིང་འཛུགས་ནགས་བཟོའི་འཆར་གཞི་498བཟོས་པ། སྣེ་ཁྲིད་ནས་ཤིང་སྡོང་རྐང་ཁྲི་2ལྷག་ཙམ་བཙུགས་ཡོད།

བདེ་ཐང་ཤེལ་དཔལ་གྱི་འདུ་ཤེས་སྐྱེད་སྲིང་བྱས་ནས་མང་ཚོགས་ཀྱི་འཚོ་བའི་དར་སྲོལ་གསར་པ་བཏོད་པ།

ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཚན་རིག་དང་མཐུན་པའི་སྐྱོན་བྲལ་ཤེས་དཔལ་གྱི་འཚོ་བ་སྐྱེལ་བའི་འདུ་ཤེས་དང་། འཚོ་བའི་རྣམ་འགྱུར། འཚོ་བ་སྐྱེལ་སྟངས་བཅས་འཇགས་པར་ཁྲིད་སྟོན་བྱ་རྒྱུ་དམིགས་ཚད་དུ་བཟུང་ནས་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ཏེ“གོམས་སྲོལ་ངན་པ་བསྒྱུར་བ་དང་ཤེས་དཔལ་སྲོལ་གསར་བཏོད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡོད།

ད་བར་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ཏེ་གྲོང་སྲོལ་དམངས་ཆིངས་1474དག་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཤེས་དཔལ་སྲོལ་གསར་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་3100ལྷག་ཙམ་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་12.8ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།

གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་ཁག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་ནས་ཞིང་འབྲོག་མང་ཚོགས་ལ་སྐྱོན་བྲལ་ཡ་རབས་ཀྱི་འཚོ་བ་གསར་པ་སྐྱེལ་དགོས་པའི་ཁྲིད་སྟོན་བྱས་ཡོད། ཞིང་འབྲོག་མང་ཚོགས་ལ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་དགོས་པའི་སྒྲོག་འགྲེལ་བྱས་པ་དང་། “གསང་སྤྱོད་གསར་བརྗེ”དང“གཉིས་གཅོག་གཅིག་སྤོར”ཐུམ་འབུའི་ནད། འདུས་འདྲིལ་གཅོང་ནད། མཆིན་ཚད། གྲུམ་བུའི་ནད། གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་ཐེངས་3700སྤེལ་བརདང་མང་ཚོགས་མི་ཐེངས་ཁྲི་22.9ལ་ཕན་པ་ཐོབ་ཡོད།  

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།