གྲོང་མིར་འཕྲོད་བསྟེན་ཤེས་བྱ་སྒྲོག་འགྲེལ་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-27 10:42:55

ཉེ་ཆར། ལྷ་རྩེ་རྫོང་སླེའུ་ཤང་རྫི་ལུང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་ཁག་བརྒྱད་པའི་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”དང་མཉམ་དུ“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”ཞེས་པའི་འཕྲོད་བསྟེན་ཤེས་བྱའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པར་གྲོང་མི་200ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་རེད།

སྒྲོག་འགྲེལ་ཚོགས་འདུའི་ཐོག་སློབ་གྲྭ་ཆེ་མོ་བའི་སྒྲོག་འགྲེལ་པ་སྐལ་བཟང་ཆུང་ལགས་སོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཨེ་ཙི་ནད་དང་། འདུས་འདྲིལ་གཅོང་ནད། ཐུམ་འབུའི་ནད་བཅས་ཀྱི་ཉེན་ཁ་དང་། འབྱུང་ཁུངས། འགོ་སྟངས་དང་དེ་བཞིན་སྔོན་འགོག་བྱེད་ཐབས་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། མང་ཚོགས་ལ་ཁ་གསལ་གོ་བདེ་ཡོང་ཆེད། སྒྲོག་འགྲེལ་བྱེད་རིང་སྒྲོག་འགྲེལ་པས་སྐབས་སྐབས་སུ་རང་ཁྲིད་རང་འཁྲབ་བྱས་པའི་ལེ་ཚན་ཆུང་ངུ་འཁྲབ་ནས་མི་སེར་ཚོས་བདེ་ཐང་ལ་སྣང་ཆེན་དང་ཤེས་དཔལ་གོང་དུ་བཀུར་བར་ཁྲིད་སྟོན་བྱས་པ་རེད།

སྒྲོག་འགྲེལ་བྱེད་སྒོར་ཞུགས་པའི་གྲོང་མིས་ད་ཐེངས་ཀྱི་སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་ལ་སྤྱོད་གོ་ཆོད་པོ་འདུག སླད་ཕྱིན་ཐོན་སྐྱེད་དང་འཚོ་བའི་ཁྲོད་བདེ་ཐང་གི་འདུ་ཤེས་དང་ནད་ཡམས་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་བཏང་ནས་ཤེས་དཔལ་ལ་སྣང་ཆེན་དང་འཚོ་བར་དགའ་ཞེན་གྱི་རྣམ་པ་ཟབ་ཏུ་གཏོང་རྒྱུ་ཡིན། ཕྱིས་སུ་བྱེད་སྒོ་འདི་འདྲ་བ་མང་ཙམ་གཉེར་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།