གཞི་རིམ་གྱི་འཐབ་ས་མདུན་མར་གཞི་ཚུགས་ནས་མང་ཚོགས་ལ་ཞབས་འདེཌ་ཞུ་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-27 10:42:55

གྲོང་ཁྱེར་གྲོང་གསེབ་དང་ཞིང་འབྲོག་ཁུལ་དུ་སྐོར་ཞིབ་བྱེད་སྐབས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་བཟང་པོ་ས་མཐོའི་ཕྱོགས་གང་ས་ནས་མངོན་བཞིན་ཡོད།

བགྲང་བྱ་བདུན་རིང་རང་ལྗོངས་ཀྱི་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་མུ་མཐུད་སྤེལ་བ་དང་། རིམ་ཁག་སྡེ་ཚན་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་རང་རྟོགས་ངང་དོན་འཁྱོལ་བྱས་ཏེ་ཤིན་ཏུ་དབུལ་བའི་གྲོང་ཚོ་དང་། བརྟན་ལྷིང་སྲུང་སྐྱོང་གི་གཙོ་གནད་གྲོང་ཚོ། མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་ཚོ་བཅས་ཀྱི་གྲོང་སྡོད་ལས་དོན་གྱི་སྟོབས་ཤུགས་ཆེ་རུ་ཧུར་ཐག་གཏོང་བ་དང་། “གཙོ་གནད་ལས་འགན་ཁག་བདུན”ལ་དམིགས་པ། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་པས་རང་ལྗོངས་ཀྱི་གཞི་རིམ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་ནུས་ལྡན་ཐུབ་ཡོད།

ལྗོངས་ཡོངས་ཀྱི་ཁག་བརྒྱད་པའི་གྲོང་སྡོད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་དང་སྲིད་གཞུང་གིས་གཞི་རིམ་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་དང་གཞི་རིམ་འཕེལ་རྒྱས་ཡོང་བའི་མངགས་བཅོལ་བཟང་པོ་འཆང་བཞིན་གཞི་རིམ་གྱི་འཐབ་ས་དང་པོར་གཞི་ཚུགས་པ་དང་། གཞི་རིམ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བ། བྱས་རྗེས་གསར་པ་ཟམ་མི་ཆད་པར་འཇོག་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་བཞིན་ཡོད།

གྲོང་སྡོད་ལ“ཁྱིམ་ཆུང་དོར་ནས་ཁྱིམ་ཚང་ཆེན་པོ་སྐྱོང་བའི”འགན་སེམས་ཡོད་རུང་། དོན་དམ་དུ་ཁོར་ཡུག་གསར་པ་དང་འགྲན་སློང་གསར་པ་དེ་འདྲའི་ཁྲོད་དུ་གྲོང་སྡོད་ལས་བྱེད་པས་ཉམས་མྱོང་གསོག་འཇོག་དང་། འཇོན་ཐང་ཆེ་རུ་དང་མཐོང་རྒྱ་ཡངས་སུ་བཏང་སྟེ་རང་ཉིད་ཀྱི་མི་ཚེའི་ལམ་བུར་གཞི་རིམ་དུ་འབད་འཐབ་བྱེད་པའི་རྩ་ཆེའི་ཉམས་མྱོང་དང་དྲན་ཤེས་ཟབ་མོ་ཞིག་བཞག་ན་རང་ཉིད་ལ་སྦྱོང་བརྡར་ཡག་པོ་ཐེབས་ཐུབ།

“གྲོང་སྡོད་གཅིག་བྱས་ན་ཚེ་གང་བག་ཆགས་ཟབ་མོ་ཡོང་བའི”ཉམས་མྱོང་ཞིག་ཡོང་བར་ངེས་པར་དུ་ང་ཚོས་དཀའ་སྤྱད་དངོས་སྒྲུབ་ལ་བརྟེན་ནས་ལས་ཀར་འབྲས་བཟང་སྨིན་པ་བྱས་ཏེ། དུས་ཐུང་གི་གྲོང་སྡོད་ལས་དོན་ཁྲོད་དུ་གཞི་རིམ་གྱི་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་དགོས།

སྨྱུག་འཛིན་པའང་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་དུ་སྔ་རྗེས་སུ་གྲོང་ཚོར་བཅའ་སྡོད་ཐེངས་གཉིས་ཙམ་བྱས་པ་ཡིན། ཐེངས་གཉིས་བཅའ་སྡོད་བྱེད་སྐབས་བར་དུ་ལོ་གཅིག་ལས་ཆོད་མེད་ཀྱང་གཞི་རིམ་གྱི་འཕོ་འགྱུར་ཧང་སངས་དགོས་པ་ཞིག་འདུག དེ་ཐོག་ནས་ང་ཚོས་གྲོང་སྡོད་བྱེད་རིང་གལ་སྲིད་དཀའ་སྤྱད་དངོས་སྒྲུབ་མ་བྱས་པར་ཉི་མ་གང་འཁྱོལ་བྱས་ཚེ་ཏང་ཨུད་དང་སྲིད་གཞུང་གི་མངགས་བཅོལ་ཆུད་ཟོས་སུ་བཏང་བ་ཞིག་རེད་ལ། རང་ཉིད་ཀྱི་ལང་ཚོ་དང་ཚེ་སྲོག་འཕྲོ་བརླག་བཏང་བ་ཞིག་དེ་བས་རེད། ང་ཚོ་གྲོང་སྡོད་བྱས་མ་ཐག་གོང་རིམ་གྱིས་མངགས་པའི་རྩིས་ཁྲ་བཟོ་བའི་ལས་འགན་ཧུར་ཐག་སྒྲུབ་དགོས་པ་ཕུད། ད་དུང་རང་འགུལ་ངང་གྲོང་ཚོ“ཨུ་ལྷན་གཉིས”དང་འབྲེལ་བ་བྱེད་པ་དང་མང་ཚོགས་དབུལ་པོར་བཅར་འདྲི་བྱས་ཏེ་གྲོང་སྡོད་ལས་དོན་གྱི་དམིགས་ས་གང་ཡིན་མིན་གླེང་མོལ་བྱས་ཏེ་ཚད་ཡོད་ཀྱི་གྲོང་སྡོད་དུས་ཚོད་རིང་གཞི་རིམ་གྱི་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་ཐབས་བྱས་པ་ཡིན། ལས་དོན་སྒྲུབ་སྐབས་ང་ཚོར་མྱོང་ཚོར་འདི་འདྲ་བྱུང་བ་སྟེ། གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པར་སྒེར་གྱི་ལས་སྒོའི་བྱང་ཚད་མཐོ་པོ་དང་དམངས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་སྤྱོད་ཚུལ་བཟང་པོ་དགོས་ལ། མང་ཚོགས་དང་ཉེ་བཅར་དང་འབྲེལ་གཏུག་དེ་བས་བྱས་ནས། གཞི་རིམ་མང་ཚོགས་ཀྱི་སེམས་གཏམ་ཉན་པ་དང་གྲོང་ཚོའི་ལས་བྱེད་པར་བརྟེན་ཚེ་གཞི་ནས་དུས་ཐུང་ནང་གཞི་རིམ་དུ་གཞིས་ཚུགས་ཏེ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།