ལྷོ་ཁར་བོད་ཁྱིམ་གྱི་སྤྲོ་སྣང་མྱོང་རོལ་བྱེད་པ།

| 2019-02-20 10:51:41

ལོ་གསར་བཏང་ཚར་མ་ཐག་པའི་འཕྱོངས་རྒྱས་རྫོང་དུ་ད་དུང་གླུ་ལེན་གར་འཁྲབ་ཀྱི་དུས་ཆེན་གྱི་རྣམ་པ་ཟབ་མོ་ཡོད། ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོའི་གྲོང་མི་ཚོ་ནི་སྔར་བཞིན་བྲེལ་བརྩོན་གྱི་རྣམ་པས་ཁེངས་ཡོད་ཅིང་། དེའི་རྒྱུ་རྐྱེན་ནི་ཁོང་ཚོས་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་ཁག་གཅིག་ལ་སྣེ་ལེན་ཞུ་དགོས་པས་ཡིན། ཐེངས་འདིའི་སྐུ་མགྲོན་རྣམས་ནི་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཕེབས་པའི“དགུན་དུས་བོད་ལ་ཡུལ་སྐོར་བྱེད”ཅེས་པའི་ལྷོ་ཁའི་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་བ་ཡིན་ལ། ཐང་པོ་ཆེ་གྲོང་ཚོའི་ལོ་གསར་པའི་ནང་ཡུལ་སྐོར་བར་སྣེ་ལེན་བྱེད་ཐེངས་དང་པོའང་ཡིན།

གྲོང་མི་ཚོས་ད་ཐེངས་ཀྱི་ཡུལ་སྐོར་བར་སྣེ་ལེན་བྱེད་པའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པའི་རྒྱུ་མཚན་ནི་མི་ཚང་མའི་སེམས་ནང་དེ་ནི་ལོ་གསར་པར་ལམ་འགྲོ་རྒྱུག་པའི་མཚོན་བྱེད་ཅིག་ཡིན་པས་རེད།

ཞོགས་པ་སྔ་པོ་ནས་མི་ཚང་མ་གོ་རིམ་ལྡན་པའི་སྒོ་ནས་གྲ་སྒྲིག་བྱེད་འགོ་ཚུགས་ཤིང་། ཐག་རིང་གི་འགྲུལ་པར་སྣེ་ལེན་ཞུ་ཆེད་ཁོང་ཚོས་ཚགས་ཤ་ཞིམ་ཤོས་དང་། ནས་ཆང་མངར་ཤོས་གྲ་སྒྲིག་བྱས་ཡོད་ལ་ལྟད་མོ་ཆེ་བའི་ལྷ་མོའི་འཁྲབ་གཞུང་ཡང་གྲ་སྒྲིག་བྱས་ཡོད།

སྐུ་མགྲོན་ཚོ་ཕེབས་སྐབས་གྲོང་མི་ཚོས་ཕྱེ་མར་བཀྱག་ནས་གྲོང་ལྷན་གྱི་སྒོ་རའི་ནང་སྣེ་ལེན་བྱས་ཤིང་། མགྲོན་བསུའི་ཆང་རག་བཀྱག་པ་དང་། ཆང་གཞས་བཏང་ནས་ཡུལ་སྐོར་བ་དང་ལོ་གསར་གྱི་སྨོན་འདུན་ཞུ་རེས་བྱས་པ་རེད།

“ལོ་གསར་བཀྲ་ཤིས་བདེ་ལེགས། ལོ་གསར་བཀྲ་ཤིས་བདེ་ལེགས”

གར་སྟེགས་ཐོག་གྲོང་ཚོའི་ལྷ་མོ་ཚོགས་པའི་འཁྲབ་སྟོན་པས་འབག་དཀར་པོ་དང་འཁྲབ་གོས་སྔོན་པོ་གྱོན་པ་དང་། རྔ་ཚིགས་དང་བསྟུན་ནས་འཁྲབ་སྟོན་བྱེད་ཀྱི་ཡོད། གཤམ་འོག་ཏུ་ཡོད་པའི་ཡུལ་སྐོར་བས་ཞིམ་ཟས་ལ་རོལ་བཞིན་གླེང་མོལ་བྱེད་པ་དང་སྐབས་རེ་ལག་ཐོགས་ཁ་པར་ནས་དྲན་རྟེན་པར་ལེན་གྱི་ཡོད།

གངས་བབས་རྗེས་ཀྱི་གནམ་གཤིས་ད་དུང་གྲང་ངར་ཆེན་པོ་ཡོད་ཀྱང་དེས་མི་རྣམས་ཀྱི་སྤྲོ་སེམས་ལ་ཤུགས་རྐྱེན་ཐེབས་མེད། ཇ་བསྲུབས་མ་འཐུང་བ་དང་། ཚགས་ཤ་བཟའ་བཞིན་གཞན་དང་མི་འདྲ་བའི་བོད་ཀྱི་རིག་གནས་དང་བོད་ཀྱི་ལོ་གསར་གཏོང་སྟངས་ཤིག་མྱོང་རོལ་བྱེད་ཀྱི་ཡོད།

ཧྲང་ཧའེ་ནས་ཡོང་བའི་ཡུལ་སྐོར་བ་ཧྲེ་ལུང་གིས“སྔོན་ཆད་བརྙན་འཕྲིན་དང་དྲ་རྒྱ་ནས་བོད་ལ་ཤེས་རྟོགས་བྱེད་མྱོང་ཡོད། ད་ཐེངས་ཆེད་མངགས་ལྷོ་ཁར་ཡོང་ནས་བོད་མི་དམངས་ཀྱི་འཚོ་བ་མཐོང་བྱུང་བས་གཞན་དང་མི་འདྲ་བ་ཞིག་འདུག་ལ་དགའ་ཚོར་ཡང་ཧ་ཅང་ཆེན་པོ་བྱུང་། བོད་ཀྱི་ཡུལ་ལྗོངས་དང་རིག་གནས་ནི་དངོས་གནས་བརྗེད་པར་དཀའ་བ་ཞིག་འདུག གལ་སྲིད་གོ་སྐབས་བྱུང་ཚེ་སང་ལོ་ནང་མི་ཚང་མ་འཁྲིད་ནས་བོད་དུ་ལོ་གསར་གཏོང་བར་ཡོང་གི་ཡིན”ཞེས་བཤད།

ད་ཐེངས་ཀྱི་ཡུལ་སྐོར་ཚོགས་པ་དེའི་ནང་ཞུགས་མཁན་ཡུལ་སྐོར་བ་20ཡོད་པ་དང་། མང་ཆེ་བ་ནི་བོད་དུ་ཡོང་ཐེངས་དང་པོ་ཡིན་པས་ཚང་མས་ད་ཐེངས་ཧ་ཅང་སྐྱིད་པོ་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

བོད་ལྗོངས་ཡུན་ཐུང་ཡུལ་སྐོར་སྣེ་ལེན་ཁང་གི་འགན་འཁུར་བ་ཀུའོ་ཕེང་ཧྥེ་ཡིས“ཁོང་ཚོ་ཚང་མ་ནི‘དགུན་དུས་བོད་དུ་ཡུལ་སྐོར་བྱེད’ཅེས་པའི་གཟིགས་སྐྱོང་རིན་གོང་དང་ཞབས་ཞུའི་སྤུས་ཚད་ལ་ཤེས་རྟོགས་བྱས་རྗེས་ཆེད་མངགས་ཐོ་བཀོད་བྱས་ཏེ་རང་བྱུང་མཛེས་ལྗོངས་ལ་ལྟ་སྐོར་དང་། དམངས་སྲོལ་རིག་གནས་མྱོང་རོལ་བྱེད་པར་ཡོང་བ་ཞིག་རེད”ཅེས་བཤད་པ་དང་། ཁོང་གིས‘དགུན་དུས་བོད་དུ་ཡུལ་སྐོར་བྱེད། སའི་གོ་ལའི་སྣེ་གསུམ་པ་མཉམ་སྤྱོད་བྱེད’ཅེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་ཚུན། ཞག་སྡོད་དང་། འགྲིམ་འགྲུལ། མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་སོགས་ལ་གཟིགས་སྐྱོང་བྱེད་ཤུགས་ཧ་ཅང་ཆེན་པོ་ཡོད་པས་ཞབས་ཞུ་རྩེ་གྲ་དང་། བྱེད་སྒོ་སྤུས་དག ཇི་མ་ཇི་བཞིན་མྱོང་རོལ་རྣམ་གྲངས་དག་ཡུལ་སྐོར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་བོད་དུ་ཡོང་མཁན་ཡུལ་སྐོར་བར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པ་བྱེད་ཀྱི་ཡོད”ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།