“མཛེས་སྡུག་ལྡན་པའི་ཉིང་ཁྲིས”ཡུལ་སྐོར་བའི་ཡིད་དབང་བཀུག་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-20 10:51:34

མཛེས་སྡུག་ལྡན་པའི་ཉིང་ཁྲིའི་གཟུགས་བརྙན་མངོན་གསལ་དོད་པ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐུན་མོང་མ་ཡིན་པའི་རི་ཆུའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་དང་ས་བབ་ཀྱི་ས་ཁམས་ལེགས་ཆར་བརྟེན་ནས་ཡུལ་སྐོར་ཐོན་ལས་ས་ཁོངས་ཧྲིལ་པོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཚོར་སྣང་སྐྱེན་པོས་སྟངས་འཛིན་བྱས་ཏེ“ཡུལ་སྐོར་སྟོབས་ཆེན་གྲོང་ཁྱེར”གྱི་འཕེལ་རྒྱས་འདུ་ཤེས་གསར་གཏོད་བྱས་ནས་ཡུལ་སྐོར་ཐོན་ལས་ཀྱི་གྲོང་ཁྱེར་ཆེ་མོ་ནས་ཡུལ་སྐོར་དཔལ་འབྱོར་སྟོབས་ཆེན་གྱི་གྲོང་ཁྱེར་དུ་འགྱུར་བར་གོམ་སྟབས་སྤོས་པ་རེད།

2018ལོར་ཉིང་ཁྲི་གྲོང་ཁྱེར་གྱིས“མི་ཡུལ་གྱི་དག་ཞིང་། མཛེས་སྡུག་ལྡན་པའི་ཉིང་ཁྲིའི”ཡུལ་སྐོར་གཟུགས་བརྙན་གྱི་སྤུས་རྟགས་གཏོད་རྒྱུ་མཐའ་འཁྱོངས་བྱེད་པར་དམ་འཛིན་བྱས་ཏེ། སྐབས་16པའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་དུས་ཆེན་རིང་ཁྱབ་སྤེལ་རྣམ་པ་དང་ཁྱད་ཆོས་ལ་གཞིགས་ནས་བྱ་ཐབས་གསར་གཏོད་བྱས་ཏེ་གཙོ་རྒྱུན་སྨྱན་སྦྱོར་དང་ལས་རིགས་ཀྱི་དྲ་ཚིགས་སོགས་གདན་དྲངས་ནས་ཁམ་བུའི་མེ་ཏོག་དུས་ཆེན་རིང་གི་གཙོ་རྒྱུན་སྨྱན་སྦྱོར་དང་ལས་རིགས་ཀྱི་སྨྱན་སྦྱོར་དུས་གཅིག་ཏུ་སྟོན་པ་དང་རང་མོས་སྨྱན་སྦྱོར་གྱིས་རང་འགུལ་ངང་དྲང་ནུས་བརྒྱུད་བསྒྲགས་འགན་ལེན་བྱས་པ་བརྒྱུད། ས་ཆ་ཁག་ཏུ“མཛེས་སྡུག་ལྡན་པའི་ཉིང་ཁྲིའི་རྣམ་པའི”རིམ་སྤེལ་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་འགོ་བཙུགས་པ་རེད། སྒོ་འཛུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་དང་དམངས་སྲོལ་ལུས་རྩལ་འགྲན་ཚོགས་སོགས་ཀྱི་སྲོལ་རྒྱུན་བྱེད་སྒོ་མུ་མཐུད་ཡག་པོ་སྤེལ་བ་ཕུད། ཉིང་ཁྲི་གྲོང་ཁྱེར་གྱིས“བདེ་སྐྱིད་ལྡན་པའི་ཉིང་ཁྲི་·སྤྲོ་སྣང་ལྡན་པའི་ཁམ་བུའི་གླིང”གི་སྤྲོ་ཚོགས་དང“རིག་ལྡན་ཁམ་བུའི་གླིང”གི་ཡུལ་སྐོར་ཉམས་ལེན་བྱེད་སྒོ “རིག་གནས་ཁམ་བུའི་གླིང”གི་གནའ་བོའི་ཁམ་སྡོང་བདེན་དཔང་ར་སྤྲོད་བྱེད་པའི་བགྲོ་གླེང་ཚོགས་འདུ། “ཨ་རག་འཐུང་བཞིན་མེ་ཏོག་ལ་ལྟ”ཞེས་པའི་ཉིང་ཁྲིའི་སྦི་རག་ཡོངས་བསྒྲགས་ཚོགས་འདུ། “ཁམ་བུའི་མེ་ཏོག་གི་སྒེག་ཉམས”དམངས་སྲོལ་རོལ་དབྱངས་ཀྱི་མེ་ཕུང་མཚན་ཚོགས་སོགས་ཀྱི་རྣམ་གྲངས་ཆེན་པོ་9དང་ཁྱོན་ཡན་ལག་རྣམ་གྲངས་18ཀྱི་བྱེད་སྒོ་གསར་སྣོན་བྱས་པ་དང་། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པ་དང་གྲོང་མི་མང་ཚོགས་སྤྲོ་སེམས་འཁོལ་བའི་ངང་ཞུགས་ཚད་ད་བར་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་རེད།

གསར་གཏོད་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་བ།

ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས“ཡུལ་སྐོར་+”དང“+ཡུལ་སྐོར”གྱི་ཕྱོགས་བསྡུས་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཐོན་ལས་གཞན་དག་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྔར་བས་སྐུལ་འདེད་བཏང་བ་རེད།

ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ལྟ་སྐོར་ཉམས་ལེན་ལ་བསམ་གཞིག་ཡག་པོ་བྱས་ཏེ། ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་བཟའ་བཅའ་དང་དྲན་རྟེན་དངོས་རྫས་དེ་བས་མང་བ་ཐོན་སྐྱེད་བྱས་ཏེ་ཞིང་འབྲོག་ལས་ལ་ལྟ་སྐོར་བྱ་རྒྱུ་དེ་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་བར་བྱས་པ་དང་། སོས་དལ་དང་། ལུས་གསོ། འཕྲོད་སྦྱོར་སོགས་གཞི་གཅིག་ཏུ་བསྡུས་པའི་བོད་ཀྱི་གསོ་བ་རིག་པའི་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་པ་བརྒྱུད། ཡུལ་སྐོར་བར་བདེ་ཐང་འཚོ་བའི་འདུ་ཤེས་དང་རང་བྱུང་སྣོད་བཅུད་ཀྱི་ལུས་གསོ་བྱ་ཐབས་དེ་བས་མང་བ་མཁོ་འདོན་བྱས་པ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཐེ་ཞུགས་རང་བཞིན་དང་། རོལ་རྩེད་རང་བཞིན། ཟུང་འཇུག་རང་བཞིན་བཅས་ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས་སྐྱེད་སྲིང་ནུས་ལྡན་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་ལྟེ་བ་ཡིན་པའི་རིན་ཐང་གང་ལེགས་མངོན་པ་དང་ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་བཏོད་ནས་ཡུལ་སྐོར་ཐོན་ལས་ཀྱི་ལས་རྣམ་གསར་པ་ཆགས་ཡོད་པ་རེད།

ཡུལ་སྐོར་དམངས་ཕྱུག་གི་ཕན་འབྲས་མངོན་གསལ་དོད་པ།

ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་མང་ཚོགས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རིང་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་བ་མཐའ་འཁྱོངས་བྱས་ནས་ཡུལ་སྐོར་འཕེལ་རྒྱས་དང་ཡུལ་སྐོར་དབུལ་སྐྱོར་དམངས་ཕན་ལ་སྐུལ་འདེད་གཏོང་བའི་མཐུན་ཆ་འཕྱུགས་མེད་བཙལ་ཏེ་སྲིད་ཇུས་ཀྱི་མ་དངུལ་གྱིས་ཞིང་འབྲོག་པ་ཡུལ་སྐོར་ལ་ཞུགས་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་རྒྱུན་ཆད་མེད་པར་བཏང་བ་རེད།

སྨན་གླིང་རྫོང་སྨོན་ལམ་གྲོང་ཚོ་དང་། རྫ་ཡུལ་རྫོང་མིན་ཕྱི་གྲོང་ཚོ། སྤོ་བོ་རྫོང་རྐུ་ཐང་གྲོང་ཚོ་བཅས་ཀྱི་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང་སྤྱི་འབོར་570ལྷག་ཙམ་ཡོད་པ་དང་། 2018ལོའི་ཟླ་1ནས་ཟླ་11བར་རིམ་རྩིས་ལྟར་ན། ཡུལ་སྐོར་བ་མི་ཐེངས་ཁྲི་55.62ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་8437.84ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཞབས་ཞུར་ཞུགས་པའི་ཞིང་འབྲོག་མང་ཚོགས་དུད་ཚང་1433གྱི་མི་6612ལྷག་ཙམ་ཟིན་པ་དང་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5.88བྱུང་ནས་མི་རེའི་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.27བྱུང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།