འབྲི་རུ་རྫོང་སྟག་ལྷས་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ལས་དོན་རུ་ཁག་གི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-12-28 11:54:42

བྱང་ཚད་མཐོར་གཏོང་གིས་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་བ།

འབྲི་རུ་རྫོང་སྟག་ལྷས་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ལས་དོན་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་པ་དང་།  ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭར་དམ་པོར་དམིགས་ཏེ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་རྣམ་གྲངས་མང་པོ་བསྐྲུན་པ་དང་།  དམངས་འཚོར་ཕན་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ།  མི་རིགས་ཁག་གི་མང་ཚོགས་ཚོས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་གང་ཐུབ་ཀྱིས་ཐག་གཅོད་བྱེད་པ་བཅས་ཀྱི་ཐོག་ནས།  གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚོས་ཏང་གི་ཐུགས་ཁུར་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་བར་བྱས་ཤིང་།  བཅའ་སྡོད་གྲོང་ཚོའི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་ཧུར་ཐག་བཏང་བ་རེད།  ཁོང་ཚོས་ལོ་གཅིག་གི་དཀའ་སྤྱད་འབད་འཐབ་བརྒྱུད་བཅའ་སྡོད་གྲོང་ཚོའི་གཞི་རིམ་ཏང་ཀྲི་པུའི་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་པ་དང་།  མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བའི་འདུ་ཤེས་ཟབ་ཏུ་ཕྱིན་ཞིང་།  མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྔར་བས་བརྟན་པོ་བྱུང་ནས་ཏང་གི་དར་ཆ་འབྲི་རུ་རྫོང་གི་ས་གཞི་ཆེ་མོར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་རེད།

“ཐོག་མའི་དུས་སུ་ངས་གཞི་རིམ་ཏང་ཀྲི་པུའི་ལས་ཀར་རྒྱུས་མངའ་དེ་ཙམ་མེད་ལ་བསྡོམས་རྩིས་རེའུ་མིག་ཀྱང་ཇི་ལྟར་འབྲི་དགོས་མིན་ཤེས་ཀྱི་མེད།  གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་དང་མཛུབ་ཁྲིད་འོག་ད་ཆ་ངས་རང་རྐྱ་འཕེར་བའི་ངང་ལས་ཀ་བྱེད་ཐུབ་ཀྱི་ཡོད”ཅེས་གྲོང་ལྷན་གྱི་ཀྲུའུ་རེན་བྱས་ནས་ལོ་ཕྱེད་ལས་སོང་མེད་པའི་ཚེ་རིང་དོན་གྲུབ་ཀྱིས་བཤད་པ་དང་།  ད་ཆ་ཁོང་གིས་གྲོང་ཚོའི་ལས་བྱེད་པའི་ཚོགས་འདུ་སྐོང་བསྡུ་དང་།  དུད་ཚང་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས།  གྲོང་ཚོ་རིམ་པའི་ལས་དོན་བཀོད་སྒྲིག་སོགས་ཚང་མ་ཐོགས་པ་མེད་པར་སྒྲུབ་ཐུབ་ཀྱི་ཡོད།

གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བའི་འགག་རྩ་ནི་གཞི་རིམ་ཏང་རྩ་འཛུགས་ལ་དམག་འཐབ་ཀྱི་ནུས་པ་ལྡན་མིན་ལ་ཐུག  དེར་བརྟེན་གྲོང་སྡོད་ལས་དོན་རུ་ཁག་གིས་བརྒྱུད་རོགས་ཁྲིད་གསུམ་བརྒྱུད་གྲོང་ཚོ་རིམ་པའི་ལེ་ལག་ཚང་བའི་རྩ་འཛུགས་དང་རྗེས་གྲབས་སྟོབས་ཤུགས་གསོ་སྐྱོང་བྱ་རྒྱུར་དམ་འཛིན་བྱས་ཏེ།  གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། བློ་ཁ་ཕྱོགས་ཤུགས།  འཐབ་ནུས་བཅས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་གཞི་རིམ་གྱི་རྩ་འཛུགས་འདི་ཉིད་ནམ་ཡང་གནས་པའི་རུ་ཁག་ཞིག་ཏུ་བསྐྲུན་པ་རེད།

དུས་མཚུངས་སུ་གྲོང་སྡོད་ལས་དོན་རུ་ཁག་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དང་།  ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་ཁྲིམས་ཀྱི་གཅིག་སྡུད་སློབ་གསོའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་།  གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་སྒྲིག་འཛུགས་བྱས་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སྣ་ཚོགས་དང་།  གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་ཐེངས་15བྱས་ཁར།  “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མཚམས་ཚིགས་དང་པོ་དང་། གཉིས་པ། གསུམ་པ།  བཞི་པ་བཅས་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཏང་ཡོན་གསར་པ་2འཕེལ་རྒྱས་བཏང་བ་དང་།  ད་ཆ་གྲོང་ཚོ་ཡོངས་སུ་ཏང་ཡོན་38ཟིན་ཡོད་པ་རེད།

ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བའི་འདུ་ཤེས་ཟབ་ཏུ་བཏང་བ།

ཟླ་དང་པོར་བཅའ་སྡོད་བྱས་ཚུན།  གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་མཉམ་དུ་ཏང་གི་བཀའ་དྲིན་ཚོར་བ་དང་།  མི་རིགས་མཐུན་སྒྲིལ།  སྒྲིག་བཀུར་ཁྲིམས་སྲུང་སོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་པ་དང་།  གྲོགས་སྒྲིག་ཆ་སྒྲིག་གི་བྱེད་སྒོ་དང་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས།  མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་ཁྲིད་སྟོན་བྱས་ཡོད།  ལས་བྱེད་པའི་ལས་སྒྲུབ་སེམས་ཤུགས་ཆེ་རུ་ཕྱིན་པ་དང་ཡུལ་མི་ཚོའི་ངོ་གདོང་ལས་འཛུམ་མདངས་འཕྱུར་ནས་ཏང་གི་བཀའ་དྲིན་ཚོར་བ་དང་།  ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་རེད།

ལོ་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད་མང་ཚོགས་ཀྱི་སྒྲིག་བཀུར་ཁྲིམས་སྲུང་གི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་སྦྲགས་ཆོས་ལུགས་ཀྱི་ཐལ་དྲགས་པའི་བསམ་བློའི་གནོད་འཚེར་ངོས་འཛིན་གསལ་པོ་ཐུབ་ཡོད།  གྲོང་ཚོའི་ཏང་ཡོན་རྒན་གྲས་སྐར་མས“སློབ་སྦྱོང་བྱས་པ་བརྒྱུད།  ད་ཆ་སུ་ཞིག་གིས་ང་ཚོར་དངོས་འབྲེལ་ཡག་པོ་བྱེད་ཀྱི་ཡོད་པ་ཤེས་བྱུང་བས་ངས་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན”ཞེས་བཤད།

ཕྱོགས་མང་པོ་ནས་བརྩོན་ལེན་བྱས་ཏེ་དམངས་ཆེད་བྱ་བ་དངོས་བསྒྲུབས་ཤིང་དཀའ་ངལ་བསལ་བ།

“འདི་ལོ་ཡོང་འབབ་ག་འདྲ་འདུག་གམ། གཏོང་སྒོ་ཆེན་པོ་ཡོད་དམ།  ཐོན་སྐྱེད་དང་འཚོ་བར་ད་དུང་གནད་དོན་གང་འདུག་གམ”ལ་སོཌ་པ་ནི་གྲོང་སྡོད་ལས་དོན་རུ་ཁག་གིས་དུད་ཚང་དུ་འཚམས་འདྲིར་སྐྱོད་སྐབས་འདྲི་བའི་སྐད་ཆ་མང་ཤོས་དེ་རེད།  འཚམས་འདྲིར་ཐེངས་མང་བསྐྱོད་པས་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་14ཡི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་གཞི་རྩའི་ཆར་ཤེས་རྟོགས་ཐུབ་པ་རེད།

ལོ་གཅིག་རིང་གྲོང་སྡོད་ལས་དོན་རུ་ཁག་གིས་དབུལ་པོར་གྱུར་རྐྱེན་ཤེས་རྟོགས་གཏིང་ཟབ་བྱས་ཤིང་།  ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་།  ངལ་ནུས་ཕྱིར་གཏོང་དང་ལས་ཞུགས་ལས་སྟེགས་གཏོད་པ།  སློབ་གསོ་དབུལ་སྒྲོལ་དང་སྣོད་བཅུད་ཁ་གསབ་སོགས་དབུལ་སྒྲོལ་བྱ་ཐབས་ཁག་11འཚོལ་ཞིབ་བྱས་པ་བརྒྱུད།  དུད་ཚང་དབུལ་པོ་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་5100ཟིན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་གསུམ་པའི་ཚོད་སྐོར་དང་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།

ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་འབད་བརྩོན་འོག་མང་ཚོགས་ཀྱི་འཚོ་བ་སྔར་བས་ཡག་ཏུ་འགྲོ་ངེས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།