མལ་གྲོ་གུང་དཀར་རྫོང་གིས་གཙོ་གནད་ཐོན་ལས་འཕེལ་རྒྱས་བཏང་བའི་སྐོར་གྱི་དངོས་བྲིས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-12-28 11:54:27

ཉེ་བའི་ལོ་ཤས་རིང་།  མལ་གྲོ་གུང་དཀར་རྫོང་གིས་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ལེགས་ཆར་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་གཙོ་གནད་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་དང་ཚོང་འགུགས་མ་འདྲེན་ལས་དོན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་རྫོང་ཁོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་བསྣན་པས།  ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་ཕྱུག་འགྱུར་གཉིས་ཀར་སྐུལ་འདེད་ཐུབ་ཡོད།

—— རྣམ་གྲངས་ལ་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་ཞིང་།  རྣམ་གྲངས་གཅིག་ནི་འཕར་གཞི་གཅིག་དང་།  རྣམ་གྲངས་གཅིག་ནི་སྐུལ་ཁྲིད་ཀྱི་ནུས་ཤུགས་གཅིག་ལ་བརྩིས་ཏེ་མལ་གྲོ་གུང་དཀར་རྫོང་གིས་རྣམ་གྲངས་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡོང་བར་བྱས་ཤིང་།  2017ལོ་དང་2018ལོར་རྫོང་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་སྟེ་གཙོ་གནད་ཐོག་དེང་རབས་ཞིང་ལས་དང་།  དེང་རབས་ཟོག་འགྲེམས། ཕྱོགས་བསྡུས་ཚོང་ལས་ཁུལ།  རིག་གནས་ཡུལ་སྐོར་སོགས་ལ་དམིགས་ནས་དེང་རབས་ཞིང་ལས་དཔེ་སྟོན་གླིང་དང་།  རྒྱ་མ་ཤང་ཁྲི་ཁང་གྲོང་ཚོའི་ཉམས་བཟོ་ཁང་ཆེ་གྲས།  ཚད་ལྡན་ཅན་གྱི་བཞོན་མ་གསོ་ཚགས་རྟེན་གཞི།  ཕྱོགས་བསྡུས་ཚོང་ལས་ཁུལ་གྱི་འཛུགས་སྐྲུན་རྣམ་གྲངས།  སྡོང་ཕྲུག་དང་མེ་ཏོག་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས།  རྩ་ཞོལ་ཤང་དབུལ་སྐྱོར་ཟོག་འགྲེམས་མཛོད་ཉར་ལྟེ་གནས་དང་ཀ་ཚལ་ཁུལ་གསར་ཅིང་ལིང་གྲོང་སྡེའི་ཚོང་ར་བཅས་རྣམ་གྲངས་9ལག་ལེན་བསྟར་བ་དང་།  མིག་སྔར། རྣམ་གྲངས་དེ་དག་འཆར་གཞི་གཞིར་བཟུང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

—— རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་།  མལ་གྲོ་གུང་དཀར་རྫོང་གིས“ཡུལ་སྐོར་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བ་དང་།  ཡུལ་སྐོར་ལ་བརྟེན་ནས་རྫོང་ཕྱུག་པོར་འགྱུར་བ།  ཡུལ་སྐོར་ལ་བརྟེན་ནས་རྫོང་སྐད་གྲགས་ཆོད་པར་བྱེད་པ”བཅས་ཀྱི་དམིགས་ཚད་ལ་གཞིགས་ནས་ཡུལ་སྐོར་ལས་རིགས་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་།  རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ཐོག་རྒྱ་མའི་མཛེས་ལྗོངས་ཁུལ་དང་།  གཟི་བྱིན་བླ་མཚོའི་མཛེས་ལྗོངས་ཁུལ།  འབྲི་གུང་མཐིལ་དགོན་སོགས་རིག་གནས་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱ་རྒྱུར་གཙོ་གནད་ཐོག་སྐུལ་འདེད་བཏང་བ་དང་།  གཟི་བྱིན་བླ་མཚོ་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་བཀྲ་ཤིས་སྒང་ཤང་འཁོར་ཁྲིད་ཡུལ་སྐོར་གྱི་སྒར་ས་སོགས་ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་བསྐྲུན་ནས་མཛེས་ལྗོངས་ཁུལ་གྱི་སྣེ་ལེན་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད།  ལོ་སྟོད་དུ་རྫོང་ཡོངས་སུ་ཡུལ་སྐོར་བྱེད་མཁན་མི་གྲངས་ཁྲི་51.6ཟིན་ཏེ་དུས་མཚུངས་ལས་7%འཕར་བ་དང་།  ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་1290.25བྱུང་ནས་དུས་མཚུངས་ལས་7.4%འཕར་ཡོད།  “ཞིང་དུད་སྤྲོ་སྐྱིད་ཁང”དང“འབྲོག་དུད་སྤྲོ་སྐྱིད་ཁང”51བཙུགས་པ་དང་།  “གནད་དང་ཁྱོན་ཟུང་འབྲེལ་དང་མང་ཚོགས་རྒྱ་ཁྱབ་ངང་ཞུགས་པའི”ཡུལ་སྐོར་མ་ལག་གཞི་རྩའི་ཆ་ནས་གྲུབ་པར་བྱས་པས།  དུད་ཚང་དབུལ་པོ་སྔར་ལས་མང་བར་ཡུལ་སྐོར་གྱི་ཡོང་འབབ་བྱུང་ཡོད།

—— ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཆེན་པོ་བཏང་ཞིང་།  རྫོང་རིམ་པའི་ནོར་སྲིད་ནས་སྒོར་ཁྲི་1000ལྷག་བཏང་སྟེ་མལ་གྲོ་གུང་དཀར་རྫོང་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ཐོ་འགོད་བྱས་པ་དང་།  ད་ཡོད་ཀྱི་དྲོད་ཁང་ཆེ་མོ་50ཡི་ནང་གནོད་མེད་སྔོ་ཚལ་བཏབ་པ་མ་ཟད། གཏེར་ཁུལ་དང་།  སློབ་གྲྭ་འབྲིང་ཆུང་། དགོན་སྡེ། རྒན་གསོ་ཁང་།  ལས་ཁུངས་དང་ཚན་པ་སོགས་ཀྱི་ཟ་ཁང་དང་འབྲེལ་མཐུད་ཧུར་ཐག་བྱས་ཡོད།  ད་བར་བྲིན་ཚོང་གི་ཐོན་རྫས་རིན་ཐང་སྒོར་ཁྲི་50ཟིན་པ་དང་མང་ཚོགས་དུད་ཚང་20ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད།  ཐག་རིང་གྲོང་ཚོའི་མང་ཚོགས་སྔོ་ཚལ་ཉོ་རྒྱུར་དཀའ་ངལ་ཡོད་པར་བསམ་བློ་བཏང་སྟེ་སྔོ་ཚལ་ཐད་གཏོང་རླངས་འཁོར་གྱི་ནུས་པ་ཡག་པོ་བཏོན་ནས་ཟླ་ཕྱེད་ལ་སྔོ་ཚལ་ཐེངས་རེ་སྐྱེལ་བར་འགྲོ་གི་ཡོད།

—— ལྗང་མདོག་ཐོན་ལས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་།  ལྗང་མདོག་གཏེར་ལས་དཔེ་སྟོན་རྫོང་གཏོད་རྒྱུར་དམིགས་ཏེ་ཧྭ་ཐའེ་ལུང་དང་ཅུས་ལུང་གི་གཏེར་ཁུལ་ཆེ་གྲས་གཉིས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཞིང་འབྲོག་ལས་རྨང་གཞིར་བྱེད་པ་དང་།  གཏེར་ཐོན་ཐོན་ཁུངས་གསར་སྤེལ་འདེགས་སྐྱོར་དུ་བྱེད་པ།  ཐོན་ལས་གསུམ་པ་ལྷན་སྦྱར་འཕེལ་རྒྱས་གཏོང་བ་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་རིམ་བཞིན་ཆགས་ཡོད།  གཏེར་ཐོན་ཐོན་ཁུངས་འཕེལ་རྒྱས་ཀྱི་དམངས་ཕྱུག་རྣམ་གྲངས་ལ་བརྟེན་ནས་རྒྱ་མ་བཟོ་ལས་ཚོང་དོན་སྐྱེལ་འདྲེན་རུ་ཁག་བཙུགས་ཏེ་གཏེར་རྡོ་དབོར་འདྲེན་དང་།  སྔོ་འགྱུར།  ངལ་ནུས་འགན་གཙང་སོགས་ཀྱི་ལས་སྒོ་ཁྱོན་ཡོངས་ནས་འགན་གཙང་བླངས་པར་ཁྱོན་ཡོང་འབབ་སྒོར་དུང་ཕྱུར་3.7བྱུང་བ་དང་།  མང་ཚོགས་ལ་བགོ་འགྲེམས་སྒོར་ཁྲི་1250བྱུང་བ།  དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་1.5ལྷག་ཙམ་བྱུང་ཡོད།  གཏེར་ཐོན་ཁེ་ལས་ཁག་གིས་ས་གནས་དེ་གའི་མང་ཚོགས་556ལས་ཞུགས་བསྡུས་པ་དང་དེའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་168ཡོད་པ་རེད།

—— དེང་རབས་ཞབས་ཞུའི་ལས་རིགས་རྒྱ་སྟོབས་ཆེ་རུ་བཏང་ཞིང་།  རྫོང་གྲོང་ཁྱེར་མ་འཇོག་ཀུང་སིས་ས་ཁང་ཐོན་ལས་གསར་སྤེལ་དང་། རྣམ་གྲངས་དོ་དམ།  འཛུགས་སྐྲུན་རྒྱུ་ཆ་ཕྱིར་ཚོང་སོགས་ཀྱི་ལས་སྒོ་རྒྱ་སྐྱེད་བཏང་ནས་ཁྱོན་བསྡོམས་འཛུགས་སྐྲུན་མ་འཇོག་སྒོར་ཁྲི་5625བྱས་པ་དང་།  ཚབ་སྐྲུན་ཡོང་འབབ་སྒོར་ཁྲི་87.36བྱུང་བ།  བྱེ་རྡོ་སོགས་ཀྱི་རྨང་གཞིའི་འཛུགས་སྐྲུན་རྒྱུ་ཆ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་934.96བྱུང་ནས་ཡོང་འབབ་ཁེ་གཙང་སྒོར་ཁྲི་130.53བྱུང་ཡོད།

ཕྱོགས་གཅིག་གི་ཐོན་ལས་དར་རྒྱས་བཏང་ནས།  ཕྱོགས་དེའི་མི་སེར་ཕྱུག་པོ་ཆགས་པར་བྱས་ཡོད།  མལ་གྲོ་གུང་དཀར་རྫོང་གིས་ཐོན་ལས་དར་རྒྱས་དམ་འཛིན་བྱ་གཞིར་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།