འཕྲལ་སྡོམ་ཉེན་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-11-06 12:24:54

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་4ཉིན་གནས་ཚུལ་འབྱོར་གསལ།  ཟླ་11ཚེས་3ཉིན་གྱི་ཕྱི་དྲོ།  ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང“10·11”གི་དེ་སྔའི་རི་ཉིལ་སར་སླར་ཡང་རི་ཉིལ་ནས་འཁྱིལ་མཚོ་ཆགས་ཡོད་པ་རེད།  ཉེན་ཁའི་གནས་ཚུལ་ཐོན་རྗེས་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷས་འཕྲལ་མར་ལས་དོན་བཀོད་སྒྲིག་གནང་བ་རེད།  ཚེས་4ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།  རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ།  ཆབ་མདོ་འཇོ་མདའི་རི་ཉིལ་དང་ཉིང་ཁྲི་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་འཕྲལ་སྡོམ་ཉེན་སེལ་ལས་དོན་བཀོད་འདོམས་པུའུ་ཡི་བཀོད་གཏོང་དཔོན་བཅས་ཡིན་པའི་ཀྲོང་ཡན་གྱིས་ཛ་དྲག་བཀོད་འདོམས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཆབ་མདོ་འཇོ་མདའི་འཕྲལ་སྡོམ་ཉེན་སེལ་ལས་དོན་ལ་བཀོད་འདོམས་གནང་བ་དང་སྦྲགས།  ལྗོངས་ཡོངས་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་ནུས་ལྡན་ངང་ཁ་གཏད་གཅོག་རྒྱུའི་ལས་དོན་བཀོད་སྒྲིག་ཀྱང་གནང་ཞིང་།ཝ

ཁོང་གིས་གེགས་འགོག་དང་། གེགས་བར་ཉུང་གཏོང་།  གེགས་སེལ་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་ཉམས་མྱོང་ཕྱོགས་སྡོམ་དང་།  ཞན་ཆ་གསབ་པ།  ཡང་འབད་བསྐྱར་འབད་བཅས་བྱས་ཏེ་འཕྲལ་སྡོམ་ཉེན་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་དོན་ལ་ཏན་ཏིག་འཁྱོལ་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐུགས་བློ་བདེ་པོ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པ་བྱེད་དགོས་ཞེས་གསུངས།

བོད་དམག་ཁུལ་ཁང་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་གཞོན་པ་ཀྲོའུ་ཧྲེང་ཀང་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དུ་སླར་ཡང་ཉེན་ཁའི་གནས་ཚུལ་ཐོན་པར་ཁ་གཏད་གཅོག་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད།  ཀྲོང་ཡན་གྱིས་ཉེ་དུས་འབྲི་ཆུ་དང་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་བསྟུད་མར་ལོ་རྒྱུས་ཐོག་མཐོང་དཀོན་པའི་རང་བྱུང་གནོད་འཚེ་ཐེངས་མང་ཐོན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་ཐུགས་ཁུར་ཆེན་པོ་གནང་ནས་སྔ་རྗེས་སུ་མཆན་བཀོད་མཛུབ་སྟོན་དང་བཀའ་སློབ་གལ་ཆེན་ཐེངས་མང་གནང་སྟེ་འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོབ་ལས་དོན་ཡག་པོ་སྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་།  རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་རོགས་རམ་དང་མཛུབ་ཁྲིད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ཀྱི་འོག་ལྗོངས་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་དང་།  ཆབ་མདོ་གྲོང་ཁྱེར།  ཉིང་ཁྲི་གྲོང་ཁྱེར་བཅས་ཀྱིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་ཆབ་མདོ་དང་ཉིང་ཁྲིའི་འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ཅེས་གསུངས།

ཚེས་3ཉིན་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དུ་སླར་ཡང་ཉེན་ཁའི་གནས་ཚུལ་ཐོན་པར་དམིགས་ནས་ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་དེང་སྐབས་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་ཛ་དྲག་དུས་བབ་ལ་དཔྱད་གཅོད་གསལ་པོ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བར་མཐོ་རུ་གཏོང་བ་དང་།  སྤྱི་ཡོངས་དང་བསྟུན་པ།  སྤྱི་ཡོངས་ཀྱི་འདུ་ཤེས་དང་བདག་པོའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་འཕྲལ་སྡོམ་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ཁག་ཧུར་ཐག་སྒྲུབ་དགོས་པ་དང་།  འཕྲལ་སྡོམ་སྔོན་ཇུས་མགྱོགས་མྱུར་ལག་བསྟར་བྱེད་དགོས་པ།  ཉེན་ཁའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ་བདེ་འཇགས་འགན་ལེན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་དུས་ཐོག་ཏུ་གྲངས་གཞིའི་དཔྱད་གཞི་ཁོང་དུ་ཆུད་པར་བྱེད་དགོས་པ།  བརྡ་གཏོང་དང་ཆ་འཕྲིན་མཉམ་སྤྱོད་ལས་དོན་ཡག་པོ་སྒྲུབ་དགོས་པ།  གླེང་ཕྱོགས་ལ་ཁྲིད་སྟོན་ཡང་དག་བྱས་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་དྲང་ཕྱོགས་ཀྱི་ལན་རྒྱག་དགོས་པ།  འབྲེལ་ཡོད་ཕྱོགས་ཁག་གིས་སྟོབས་ཤུགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་གནོད་འཚེའི་གནས་ཚུལ་ལ་ཁ་གཏད་གཅོག་དགོས་པ།  འབྲི་ཆུའི་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་དང་སྦྲེལ་མཐུད་མཐུན་སྦྱོར་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་འབྲེལ་ཡོད་བཀོད་གཏོང་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས་པ།  འཕྲལ་སྡོམ་དོ་དམ་པུའི་ལས་དོན་ཚོགས་ཆུང་དང་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་མཛུབ་ཁྲིད་འོག་ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་སྒོ་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་ཇུས་གཞི་བཏོན་ཏེ་ནུས་ཤུགས་ཡོད་རྒུས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་དགོས་པ།  མདུན་ཕྱོགས་བཀོད་འདོམས་པུའུ་ནུས་ལྡན་ངང་འཁོར་སྐྱོད་ཐུབ་པར་བྱས་ནས་གནས་ཚུལ་གལ་ཆེན་དུས་ཐོག་ཏུ་གོང་ཞུ་བྱེད་དགོས་པ།  ཚགས་ཚུད་ཞིབ་ཚགས་ཀྱི་སྒོ་ནས་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་ལས་དོན་ཡག་པོ་བསྒྲུབས་ཏེ་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྐྱེལ་ཐུབ་པ་དང་གེགས་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་ལྡན་པ་དང་བརྟན་ལྷིང་ཡོང་བར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་བྱུང་གནོད་འཚེ་འགོག་ཟོན་གྱི་འཕྲལ་སྡོམ་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་པ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་དམ་འཛིན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་།  ཡུན་རིང་བརྟན་ལྷིང་།  ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས་པ་དང་།  སྔ་སྣུར་དུ་ཇུས་འགོད་དང་ཉམས་མྱོང་དང་བསླབ་བྱ་སྔར་བས་ཕྱོགས་སྡོམ་བྱས་ནས་ལྗོངས་ཡོངས་ཀྱི་རང་བྱུང་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་མགྱོགས་མྱུར་དང་།  མངོན་མེད་རྐྱེན་ངན་མཐིལ་རྟོགས་ཁ་གསལ། ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ།  ཆོས་ཉིད་རང་བཞིན་སྟངས་འཛིན།  རང་འགུལ་དབང་ཆ་སྟངས་འཛིན་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཆུ་མ་ཤོར་གོང་ནས་རགས་བརྒྱབ་སྟེ་འཕྱུགས་པ་གཏན་ནས་མེད་པར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

ཚོགས་འདུར་གྲོང་ཁྱེར(ས་ཁུལ)བདུན་དང་འབྲེལ་ཡོད་རྫོང་ཁག་ཏུ་ཡན་ལག་ཚོགས་ར་བཙུགས་ཤིང་།  གྲོང་ཁྱེར(ས་ཁུལ)གྱི་འབྲེལ་ཡོད་འགན་ཁུར་བས་ཉེ་དུས་རང་བྱུང་གནོད་འཚེར་གྲལ་བཤེར་དང་འགོག་ཟོན་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།