“ཀུང་སི+རྟེན་གཞི+ཞིང་དུད”ཀྱི་རྣམ་པ་ལས་ཐང་རྒོད་དུ་འབྲས་བུ་སྨིན་པ། རྒུན་འབྲུམ་ཆུང་ཆུང་གིས། ཐོན་ལས་ཆེན་པོ་གཏོད།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2018-11-06 12:24:54

ཟངས་རི་རྫོང་ཕག་གྲུ་རོང་ཧྲུན(ས་གཙང)ཀྲོང་ཡོན་ཚད་ཡོད་ཀུང་སིའི་དོ་དམ་པ་ཝང་ཙེ་ཀྲང་གིས།  “རྒུན་འབྲུམ་ལ་སྦགས་མེད་ཁུག་མས་བཏུམས་ཚེ་ཤིང་ཏོག་གི་ཕྱི་ངོས་འཇམ་ལ་གཙང་མ་ཡོང་བ་མ་ཟད།  ནད་འབུ་དང་བྱ་རིགས་ཀྱི་གནོད་འཚེ་སྔོན་འགོག་སོགས་ཀྱི་ཕན་ནུས་ལྡན”ཞེས་གསར་འགོད་པར་ངོ་སྤྲོད་བྱས།  ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་རྒུན་འབྲུམ་རྟེན་གཞིར་ཞིང་འབྲོག་མང་ཚོགས་ཁག་གཅིག་ལག་རྩལ་མི་སྣའི་སྒྲིག་འཛུགས་དང་མཛུབ་ཁྲིད་འོག  རྒུན་འབྲུམ་རྡོག་པོར་སྦགས་མེད་ཁུག་མས་བཏུམས་བཞིན་པའི་བྲེལ་བརྩོན་ཆེ་བའི་རྣམ་པ་ཞིག་མངོན།

རྒུན་འབྲུམ་འདེབས་འཛུགས་ཐོན་ལས་འཁོར་འབྲེལ་རིང་བ་དང་། ཟུར་སྣོན་རིན་ཐང་མཐོ་བ།  ཕན་འབྲས་མངོན་གསལ་དོད་པ།  ཁྲོམ་རའི་མདུན་ལམ་ཡངས་བ་བཅས་ལ་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་མྱུར་པོ་གཏོང་རྒྱུར་མངོན་གསལ་དོད་པའི་ལེགས་ཆ་དང་གཏིང་ཤུགས་ཆེན་པོ་ལྡན་ཡོད།  2010ལོ་ནས་བཟུང་།  ཟངས་རི་རྫོང་གིས་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཞིང་ལས་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གསར་པར་བརྩི་གི་ཡོད།  2014ལོར།  ཟངས་རི་རྫོང་གི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་ཉིད་ལྷོ་ཁའི“སྐུལ་སྤེལ་གསུམ”གྱི་རྣམ་གྲངས་ལ་བཅུག་པས་རྒུན་འབྲུམ་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།  2017ལོར།  ཟངས་རི་རྫོང་གིས་ཕག་གྲུ་རོང་ཧྲུན(ས་གཙང)ཀྲོང་ཡོན་ཚད་ཡོད་ཀུང་སི་བཙུགས་ནས་གཞི་ཁྱོན་སྔར་བས་ཆེ་རུ་བཏང་སྟེ་ཁྲོམ་ར་དང་ཐོན་སྐྱེད་དང་།  ལག་རྩལ་དང་ཞབས་ཞུ། སྲིད་གཞུང་དང་ཀུང་སི།  ཀུང་སི་དང་ཞིང་པ་བཅས་མཐུན་སྦྱོར་ནུས་ལྡན་བྱས་པ་རེད།

རྟེན་གཞིར་བསྐྱོད་སྐབས།  སྟར་ལ་རྒྱུས་འདྲའི་རྒུན་འབྲུམ་རྡོག་པོ་ཉི་འོད་འོག་ཏུ་ཟིལ་ཆུ་ཁྲུམ་ཁྲུམ་དུ་འོད་མདངས་འཚེར་བཞིན་འདུག་ལ་རྒུན་འབྲུམ་ར་བའི་གང་སར་མངར་སིལ་སིལ་གྱི་དྲི་ཞིམ་ངམ་ངམ་དུ་འཐུལ་བཞིན་གང་སར་ལོ་ལེགས་ཀྱི་རྣམ་པས་ཁེངས།  “ཁུལ་འདི་ནི་ང་ཚོའི་ཀུང་སིས་གསོ་འདེབས་བྱས་པའི‘ས་བབ་ཧ་ཅང་མཐོ་བའི་A’རེད།  ཀུང་སིའི་ལག་རྩལ་ཚོགས་པས་ལོ་8འཚོལ་ཞིབ་ཚོད་ལྟ་བྱས་པ་བརྒྱུད།  དཀའ་ངལ་དུ་མ་ཁྱད་དུ་བསད་ནས་མཐར་ས་བབ་མཐོ་བའི་བྱེ་ཐང་ཁུལ་དུ་ཁེབས་གཡོགས་མི་དགོས་པར་རྒུན་འབྲུམ་འདེབས་འཛུགས་ལེགས་གྲུབ་བྱུང་བ་མ་ཟད་ལོ་ལེགས་ཀྱང་ཡོང་རྒྱུ་རེད།  ད་ཆ་སྐྱེ་འཚར་ཧ་ཅང་ཡག་པོ་ཡོད་པ་དང་རྒུན་འབྲུམ་འཐུ་བའི་དུས་སུ་སླེབས་སྐབས་ཡུལ་སྐོར་བ་དེ་བས་མང་བ་མྱོང་རོལ་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་ཝང་ཙེ་ཀྲང་གིས་གསར་འགོད་པར་བཤད་ཅིང་།  ཁོང་གིས་རྟེན་གཞིར་བཏབ་པའི་རྒུན་འབྲུམ་རིགས་ལ“ས་བབ་ཧ་ཅང་མཐོ་བའི་A”ཕུད།  ད་དུང་རྒྱ་སེའི་དྲི་ཅན་སོགས་ཨ་རག་སྙོལ་བྱེད་ཀྱི་རྒུན་འབྲུམ་རིགས་6ཡོད་པར་སྔོན་དཔག་བྱས་ན་ཐོན་འབབ་ཏུན་60ཡན་ཟིན་རྒྱུ་རེད་ཅེས་བཤད།

“ཐང་རྒོད་དུ་འབྲས་བུ་སྨིན་སོང་། ད་ཆ་གྲོང་མིས་སོ་ནམ་བྱེད་པ་ཕུད།  ད་དུང་རྒུན་འབྲུམ་རྟེན་གཞིར་ཞོར་ལས་དང་ཞིང་བརྒྱུད་བཤུག་བཏང་ནས་ཡོང་འབབ་རག་གི་ཡོད”ཅེས་ཟངས་རི་རྫོང་ཟངས་རི་གྲོང་རྡལ་གྱི་ཀྲེན་ཀྲང་ལེང་ཅེ་ཡིས་བཤད།  ད་ཆ་ཟངས་རིའི་རྒུན་འབྲུམ་རྟེན་གཞིའི་རྒྱ་ཁྱོན་ལ་མུའུ་2000ལྷག་ཙམ་ཟིན་ཞིང་།  ལོ་མང་གི་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད།  “ཀུང་སི+རྟེན་གཞི+ཞིང་དུད”ཀྱི་གཉེར་སྐྱོང་རྣམ་པ་ཞིག་རིམ་བཞིན་ཆགས་ཏེ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད།  2017ལོར། རྒུན་འབྲུམ་རྟེན་གཞིས་ས་ཞིང་བརྒྱུད་བཤུག་གི་དངུལ་སྒོར་ཁྲི་38.6སྤྲད་པ་དང་།  མང་ཚོགས་ཚོས་ངལ་རྩོལ་ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི་136བསགས་ཡོད་པས་ཁྱིམ་གྱི་སྒོ་རྩ་ནས་འབབ་འཕར་བྱུང་ཡོད།

“རྒུན་འབྲུམ་རྟེན་གཞིར་གཡོག་བྱེད་ལ་ཡོང་མཁན་མང་ཆེ་བ་ཉེ་འགྲམ་གྲོང་ཚོའི་རྒན་རྒོན་དང་།  དབང་པོ་སྐྱོན་ཅན།  དེ་བཞིན་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་པའི་མཐོ་འབྲིང་སློབ་གྲྭའི་སློབ་མ་ཤ་སྟག་རེད།  ཁོང་ཚོར་ཞོར་ལས་ལ་འགྲོ་བའི་འཇོན་ཐང་ཅུང་ཞན་ཡང་ཁོམ་པ་མང་བས་རྒུན་འབྲུམ་རྟེན་གཞིར་ལས་ཀ་ཡོང་ཚེ་ཐག་རིང་དུ་བསྐྱོད་མི་དགོས་པར་ཡོང་འབབ་ཀྱང་མཐོ་པོ་ཡོད”རྟེན་གཞིས་ཉེ་འཁོར་གྲོང་ཚོའི་ངལ་ནུས་ལྷག་མ་300ལྷག་ཙམ་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད་ཅེས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡལ་བཞུར་རྒྱག་བཞིན་པའི་རྟེན་གཞིའི་ལག་རྩལ་པ་ཧོ་ཝུན་ཡའོ་ཡིས་བཤད།

རྒུན་འབྲུམ་ཡལ་གར་འབྲས་བུ་བྱུར་པོར་བཏགས་པར་སྦགས་མེད་ཁུག་མས་བཏུམས་བཞིན་པའི་ཟངས་རི་གྲོང་རྡལ་མཐར་མ་གྲོང་ཚོའི་གྲོང་མི་དབྱངས་ཅན་མཚོ་མོའི་སེམས་ནང་དགའ་བས་མྱོས་ཤིང་།  ཁོ་མོས“2015ལོ་ནས་བཟུང་ང་རང་རྟེན་གཞིར་ལས་ཀར་ཡོང་བ་ཡིན།  ཉིན་རེར་སྒོར་100བསགས་ཐུབ་ཀྱི་འདུག འདི་གར་དཀའ་ལས་ཆེན་པོ་མེད་པ་མ་ཟད།  སྔ་དགོང་ནང་ལས་ཀྱང་བྱེད་ཐུབ་པ་དང་ལོ་མཇུག་ལ་ད་དུང་ཐོབ་ཆ་ལེན་རྒྱུ་འདུག”ཅེས་བཤད།

“གོམ་སྟབས་རྗེས་མར།  ང་ཚོས་ཟངས་རི་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་།  རྒུན་འབྲུམ་འདེབས་འཛུགས་ཀྱི་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་ནས‘ཕག་གྲུ་གཞིས་ཀའི’རྒུན་འབྲུམ་ཨ་རག་གི་སྤུས་རྟགས་གཏོད་པ་དང་།  ཟངས་རིའི་རྒུན་འབྲུམ་ཨ་རག་དང་། གཟི་བྱིན་བླ་མཚོའི་རྒུན་འབྲུམ་ཨ་རག  ལྕུམ་རྩའི་ཨ་རག་སོགས་ས་མཐོའི་དམིགས་བསལ་ཁྱད་ཆོས་ལྡན་པའི་རྒུན་འབྲུམ་ཨ་རག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བ།  རྒུན་འབྲུམ་ཐོན་ལས་འཁོར་འབྲེལ་གཏོད་པ། རྒུན་འབྲུམ་ཨ་རག་ཐོན་སྐྱེད་དང་། བྲིན་ཚོང་།  ཡུལ་སྐོར་ལྟ་རོལ་བཅས་ཕྱོགས་ཡོངས་ནས་མཉམ་དུ་འཕེལ་རྒྱས་གཏོང་བ་བཅས་ཀྱིས་མང་ཚོགས་དེ་བས་མང་བའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་དུ་བསྐྱོད་རྒྱུ་ཡིན”ཞེས་མ་འོངས་པའི་འཕེལ་རྒྱས་ཀྱི་འཆར་འགོད་སྐོར་གླེང་སྐབས་ཝང་ཙེ་ཀྲང་གིས་ཡིད་ཆེས་ཆེན་པོ་དང་གདེང་ཚོད་ཀྱིས་ཁེངས་བཞིན་དུ་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།