འབྲི་ཆུའི་འཁྱིལ་མཚོའི་ཉེན་ཁ་རྩ་བའི་ཆ་ནས་མེད་པར་ཆགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-16 16:07:23

འདི་ག་ཚགས་པར་ཁང་དུ་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ཚེས་14ཉིན་གྱི་ཆུ་ཚོད་བཅུ་པར་ཁྲོན་བོད་འབྲེལ་མཚམས་ཀྱི་འབྲི་ཆུའི་རྒྱུད་ཀྱི་རི་ཉིལ་ནས་འཁྱིལ་མཚོ་ཆགས་པའི་ཆུ་གསོག་དང་ཆུ་རྒྱུག་ཚད་དོ་སྙོམས་བྱུང་བ་དང་། སྤྱིའི་ཆ་ནས་རྒྱུན་གཏན་ལྟར་ཡོད་པས་སི་ཁྲོན་དཀར་མཛེས་ཀྲོའུ་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་བདེ་འཇགས་ཉེན་ཁ་རྩ་བའི་ཆ་ནས་མེད་པར་ཆགས་ཡོད།

དེ་ནི་གསར་འགོད་པས་ཚེས་14ཉིན་གྱི་ཆུ་ཚོད་10དང་སྐར་མ་30ལ་སི་ཁྲོན་ཞིང་ཆེན་དཔལ་ཡུལ་རྫོང་གིས་སྒྲིག་འཛུགས་བྱས་པའི“10·11”རི་ཉིལ་བའི་གནས་ཚུལ་བརྡ་ཁྱབ་ཚོགས་འདུའི་ཐོག་ཆུ་དཔྱད་རིགས་གཅིག་མཁས་ཅན་གྱིས་འཁྱིལ་མཚོའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གནས་ཚུལ་སྐོར་ངོ་སྤྲོད་བྱེད་སྐབས་ཤེས་རྟོགས་བྱུང་བ་ཞིག་རེད།

གྲངས་གཞི་གསར་ཤོས་ལ་གཞིགས་ན། ཆུ་ཚོད་བཅུ་པར་འཁྱིལ་མཚོའི་སྟོད་རྒྱུད་དང་བར་ཐག་སྤྱི་ལེ་90ཡོད་པའི་སྐམ་ཐོག་ས་ཚིགས་ཀྱི་འབྲི་ཆུའི་ཆུ་ཁ་སྨི་3573.23ཟིན་པ་དང་སྐར་ཆ་རེར་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་1260ཟིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། འཁྱིལ་མཚོའི་སྟོད་རྒྱུད(ཆུ་རགས་ཀྱི་མདུན)ཀྱི་སྤྱི་ལེ་གསུམ་གྱི་སའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་གྱི་ཆུ་ཁ་དེ་སྨི་2896.94ཟིན་པ་དེ་ཆུ་ཚོད་དགུ་པ་དང་བསྡུར་ན་ཆུ་ཁ་སྨི་0.04ཆག་ཡོད་པ་རེད།

འཁྱིལ་མཚོ་དང་བར་ཐག་སྤྱི་ལེ་170ཡིས་ཆོད་པའི་ཆུ་སྨད་ཀྱི་འབའ་ཐང་ཆུ་དཔྱད་ས་ཚིགས་ཀྱི་འབྲི་ཆུའི་ཆུ་ཁ་སྨི་2481.09ཟིན་པ་དང་སྐར་ཆ་རེར་ཆུ་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་2110ཟིན་ཡོད།

རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་པར་གཞིགས་ན། འབའ་ཐང་ཆུ་དཔྱད་ས་ཚིགས་ཀྱི་ཉེན་ཁའི་ཆུ་ཁ་2485.00ཟིན་པ་དང་རྒྱུན་གཏན་ཆུ་ཁ་སྨི་2486.00འགན་ལེན་བྱེད་དགོས་མོད། འོན་ཀྱང་ད་ཆ་འབའ་ཐང་ཆུ་དཔྱད་ས་ཚིགས་ཀྱི་ཆུ་ཁ་སྨི་2481.09ཟིན་པ་དེ་ཉེན་ཁའི་ཆུ་ཁ་ལས་སྨི་3.8ཀྱིས་དམའ་བ་ཡོད་པས་རྒྱུན་གཏན་གྱི་ཁྱབ་ཁོངས་སུ་གཏོགས་པ་དང་ཆུ་རྒྱུག་ཚད་ཀྱང་རྒྱུན་གཏན་གྱི་ཁོངས་སུ་གཏོགས་ཡོད།

གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10ཚེས་14ཉིན་རང་སྐྱོང་ལྗོངས་དང་ཆབ་མདོ་གྲོང་ཁྱེར་གྱིས་དབོར་འདྲེན་བྱས་པའི་རྒུད་སྐྱོབ་དངོས་ཟོག་འབོར་ཆེན་འཇོ་མདའ་རྫོང་དུ་འབྱོར་བ་རེད།

འཇོ་མདར་འབྱོར་བའི་རྒུད་སྐྱོབ་དངོས་ཟོག་དེ་དག་གཙོ་བོ་རང་སྐྱོང་ལྗོངས་དངོས་ཟོག་གྲབས་གསོག་ལྟེ་གནས་དང་། ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུས། ཆབ་མདོ་གྲོང་ཁྱེར་ཞིང་འབྲོག་ཅུས་བཅས་ཀྱིས་སྤྲད་པ་ཡིན་ཅིང་། དེ་དག་ནང་དུ་ཆུ་ལྷམ་དང་། ལྟེབ་ཁྲི ཞ་འགོག་འབོལ་གདན། གུར། སྲིན་བལ་གྱི་གོས། གློག་གཏོང་འཕྲུལ་འཁོར། འབྲུ། གཟན་ཆགས་སོགས་ཡོད། རང་སྐྱོང་ལྗོངས་ཀྱི་རྒུད་སྐྱོབ་དངོས་ཟོག་བླུགས་པའི་དོས་སྐྱེལ་རླངས་འཁོར་གཉིས་ཀྱིས་དངོས་ཟོག་འཇོ་མདའ་རྫོང་ཆུ་གཉིས་མདོ་ཤང་གི་མཛོད་ཁང་དུ་དབོར་བ་རེད།

ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུས་དང་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱིས་བཏང་བའི་རྒུད་སྐྱོབ་དངོས་ཟོག་འབོར་ཆེན་ཡང་རྫོང་གྲོང་དུ་འབྱོར་བ་དང་འབྲེལ་ཁག་བྱས་ནས་མཛོད་ཁང་དུ་དབོར་རྗེས་བཀོད་སྒྲིག་བྱ་ཡུལ་གྱི་དོན་དངོས་དགོས་མཁོར་གཞིགས་ནས་འཇོ་མདའ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཅིག་གྱུར་བགོ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་ཀྱིས་བཏང་བའི་རྒུད་སྐྱོབ་དངོས་ཟོག་ཆེ་གྲས་12བླུགས་པའི་དོས་སྐྱེལ་རླངས་འཁོར་21ཚེས་12ཉིན་ཐོན་པ་དང་འཇོ་མདའ་རྫོང་དུ་རྒུད་སྐྱོབ་དངོས་ཟོག་དབོར་མཁན་དོས་སྐྱེལ་རླངས་འཁོར་8ཡོད་པ་དང་དེ་བྱིངས་ཀྱི་དངོས་ཟོག་དབོར་མཁན་རླངས་འཁོར་ཚེས་15ཉིན་འཇོ་མདའ་རྫོང་དུ་འབྱོར་རྒྱུ་རེད། (པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།