《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་འཆར་འགོད》སྒྲིག་བཟོ་མགྱོགས་མྱུར་བྱ་རྒྱུ་ཡིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-12 11:13:26

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་10ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར། རང་ལྗོངས་ཀྱིས“རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་ཇི་ལྟར་གཏོང་བར”དམིགས་ཏེ། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་འཆར་འགོད》(གཤམ་དུ《འཆར་འགོད》ཞེས་བསྡུ་རྒྱུ)སྒྲིག་བཟོའི་ལས་དོན་མགྱོགས་མྱུར་སྤེལ་འགོ་བཙུགས་ནས་ལྗོངས་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་མ་རྩ་དང་སྣོད་བཅུད་མ་ལག་གི་ཞབས་ཞུའི་རིན་ཐང་ཞིབ་རྩིས་རྒྱག་པ་དང་ཐཱན་འདུས་དཔལ་འབྱོར་ཞིབ་འཇུག་གཏིང་ཟབ་བྱས་ནས་ཐཱན་ཕྱིར་འབུད་དབང་ཆའི་ཉོ་ཚོང་ལྟེ་གནས་བསྐྲུན་རྒྱུ་དང“ཐིག་གསུམ་ཐོ་གཅིག”གི་སྣོད་བཅུད་ཁོར་ཡུག་ཡན་ལག་ཁུལ་གྱི་དོ་དམ་ཚོད་འཛིན་མ་ལག་འཛུགས་རྒྱུ་ཡིན་ལུགས་བཏོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། “བོད་ལྗོངས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཁུལ་དང་། རྒྱལ་ཁབ་ཀྱི་མི་དང་རང་བྱུང་ཞི་མཐུན་འཚོ་གནས་ཀྱི་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་ལྗང་མདོག་འཕེལ་རྒྱས་ཚོད་ལྟ་ཁུལ། རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་མ་དཔེ་ཁུལ། རྒྱལ་ཁབ་ཀྱི་སྣོད་བཅུད་དམངས་ཕྱུག་སྔོན་སྐྱོད་ཁུལ་བཅས་སུ་གཏོད་པའི”དམིགས་ཚད་བླང་བྱ་གཞིར་བཟུང་། 《འཆར་འགོད》ཀྱི་ནང་དོན་ལ་གཞུང་ཁོངས་ས་ཆའི་བར་མཐོངས་གསར་སྤེལ་རྣམ་པ་ལེགས་སུ་གཏོང་བ་དང་། ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་ཉམས་གསོར་སྐུལ་འདེད་གཏོང་བ། རང་བྱུང་སྲུང་སྐྱོང་ཁུལ་ཀྱི་མ་ལག་འཛུགས་སྐྱོང་ལས་གྲྭ་དང་། རི་དང་། ཆུ། ནགས་ཚལ། ཞིང་ཁ། མཚོ། རྩྭ་བཅས་ཀྱི་མ་ལག་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ ཁོར་ཡུག་བཅོས་སྒྲིག་ལས་གྲྭ་ཆེ་གྲས་བཅས་ལག་བསྟར། སྣོད་བཅུད་གསར་འཛུགས་དང“སའི་གོ་ལའི་གླིང་སྣེ་གསུམ་པའི”རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། ས་བབ་མཐོ་ཁུལ་སོགས་སྣོད་བཅུད་ཉམས་ཞན་ཁུལ་གནས་སྤོ་དང་། སྣོད་བཅུད་ཕྱོགས་བསྡུས་ཁ་གསབ་ལམ་སྲོལ་འཛུགས་པ། ཡར་ཀླུང་གཙང་པོ་སོགས་གཙང་པོ་དང་ཆུ་བོ་ཆེན་པོའི་ཆུ་འགོའི་ཁུལ་གཞི་གཅིག་ཅན་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་གཙོ་གནད་ལས་ཀ་ཚུད་ཡོད།

དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་རང་བྱུང་ཐོན་ཁུངས་དང་སྣོད་བཅུད་མ་ལག་གི་ད་ཡོད་གནས་ཚུལ་ལ་དཔྱད་དཔོག་དང་རང་བྱུང་ཐོན་ཁུངས་དང་སྣོད་བཅུད་མ་ལག་གི་ཞབས་ཞུའི་རིན་ཐང་གི་ཞིབ་རྩིས་སྒྲོམ་གཞིའི་མ་ལག་འཛུགས་པ་སོགས་ལས་འགན་མང་པོར་གཙོ་གནད་ཐོག་དམིགས་ཏེ་ལྗོངས་ཡོངས་ཀྱི་རང་བྱུང་ཐོན་ཁུངས་མ་རྩ་དང་སྣོད་བཅུད་མ་ལག་གི་ཞབས་ཞུའི་རིན་ཐང་གི་ཞིབ་རྩིས་ལས་དོན་སྤེལ་རྒྱུ་རེད། “རང་བྱུང་ཐོན་ཁུངས་མ་རྩ་དང་སྣོད་བཅུད་མ་ལག་གི་ཞབས་ཞུའི་རིན་ཐང་གི་ཞིབ་རྩིས་ལས་དོན་སྤེལ་བ་ལས། རང་བྱུང་ཐོན་ཁུངས་མ་རྩའི་རྒྱུན་མཐུད་བེད་སྤྱོད་ཀྱི་ཚད་གཞི་དང་རང་བྱུང་ཐོན་ཁུངས་མ་རྩའི་རྨང་གཞི་མངོན་ནས་སྣོད་བཅུད་མ་ལག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོན་ཁུངས་ཀྱི་འདེགས་སྐྱོར་མཁོ་འདོན་དེ་བས་ལེགས་པ་ཐུབ་པ་དང་རང་ལྗོངས་ཀྱི་སྣོད་བཅུད་ཁ་གསབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་གཏོང་བའི་འགན་འཁྲི་བདའ་འདེད་ལམ་ལུགས་དང་དེ་བཞིན་འགོ་ཁྲིད་ལས་བྱེད་པའི་འགན་འཁྱུར་རྩིས་བཤེར་ལ་རྨང་གཞིའི་རང་བཞིན་གྱི་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད”ཅེས་ཁོར་ཡུག་སྲུང་སྐྱོང་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་རེད།

རང་ལྗོངས་ཀྱི་ཐཱན་འདུས་དཔལ་འབྱོར་གྱི་ཐོག་མའི་ཞིབ་འཇུག་གི་གྲུབ་འབྲས་གཞིར་བཟུང་། མིག་སྔར་རང་ལྗོངས་ཀྱི་ཐཱན་གསོག་ཚད་རིན་ཐང་སྒོར་དུང་ཕྱུར་300ལས་བརྒལ་ཡོད་མོད། འོན་ཀྱང་རང་ལྗོངས་སུ་ད་དུང་ཐཱན་འདུས་ཉོ་ཚོང་སུའོ་འམ་ཡང་ན་ཐཱན་ཉོ་ཚོང་ལས་སྟེགས་བཙུགས་མེད་པས་ཉོ་ཚོང་བྱེད་ཆོག་གི་མེད་པ་རེད། 2013ལོར་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ལྗོངས་ནོར་སྲིད་ཐིང་དང་མཉམ་དུ་ཐཱན་འདུས་དཔལ་འབྱོར་འཕེལ་རྒྱས་ཞིབ་འཇུག་བྱས་པས་རྨང་གཞིའི་ཞིབ་འཇུག་ལ་གྲུབ་འབྲས་ངེས་ཅན་ཐོབ་པ་རེད། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཐཱན་འདུས་དཔལ་འབྱོར་ཞིབ་འཇུག་མུ་མཐུད་གཏིང་ཟབ་བྱས་ཏེ《བོད་ཀྱི་ཐཱན་ཉོ་ཚོང་ཚད་གཞི》བཟོས་ནས་ཐཱན་ཕྱིར་འབུད་དབང་ཆའི་ཉོ་ཚོང་ལྟེ་གནས་འཛུགས་པ་དང་ཐཱན་ཉོ་ཚོང་ལས་སྟེགས་བཙུགས་ཏེ་ཉོ་ཚོང་བྱེད་པའི་གྲོས་འགོ་བཏོན་པ་རེད།

གཞན་ཡང་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ས་ཁོངས་བར་མཐོངས་ཀྱི་སྣོད་བཅུད་ཁོར་ཡུག་གདེང་འཇོག་མ་ལག་དང་དེ་བཞིན་ལས་སྟེགས་བསྐྲུན་རྒྱུར་དམ་འཛིན་དང་། བོད་ཀྱི་སྣོད་བཅུད་བདེ་འཇགས་དང་སྡོད་མལ་ཁོར་ཡུག་བདེ་འཇགས་ལ་འཕྲད་པའི་བཀག་སྡོམ་དང་འགྲན་སློང་ལ་དབྱེ་ཞིབ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་བྱུང་བའི་སྣོད་བཅུད་ཁོར་ཡུག་གི་གནོན་ཤུགས་དཔྱད་དཔོག དཔལ་འབྱོར་དང་སྤྱི་ཚོགས་ཁོར་ཡུག་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ་དཔྱད་དཔོག་སྒྲོམ་གཞི་དང་གཙོ་གནད་གཏན་འཁེལ། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ལག་བསྟར། སྣོད་བཅུད་བར་མཐོངས་དབྱེ་འབྱེད། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད་གཏན་འཁེལ། ཁོར་ཡུག་ཡན་ལག་ཁུལ་གྱི་དོ་དམ་ཚོད་འཛིན་མ་ལག་འཛུགས་པ། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་གཞི་འབྲེལ་མཐུད། ཐོན་ཁུངས་དོ་དམ་ཚོད་འཛིན་གྱི་བླང་བྱ་ཁ་གསལ་བཟོ་བ། སྣོད་བཅུད་ཁོར་ཡུག་ཆོག་འཐུས་གསལ་ཐོ་བཟོ་བ། ཁོར་ཡུག་དོ་དམ་ཚོད་འཛིན་གྱི་ཚན་པ་གཏན་འཁེལ། ཡན་ལག་ཁུལ་གྱི་དོ་དམ་ཚོད་འཛིན་བླང་བྱ་དོན་འཁྱོལ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་འབྲེལ་ཡོད་འགན་ཁུར་བས་ས་ཁོངས་སྣོད་བཅུད་ཁོར་ཡུག་གདེང་འཇོག་དེ“ཐིག་གསུམ་ཐོ་གཅིག”གི་སྣོད་བཅུད་ཁོར་ཡུག་ཡན་ལག་ཁུལ་གྱི་དོ་དམ་ཚོད་འཛིན་མ་ལག་བསྐྲུན་པའི་ལས་སྟེགས་གལ་ཆེན་ཞིག་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་ལས་ཀ་ཞིག་ཡིན་པས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞུང་ཁོངས་ས་ཆའི་བར་མཐོངས་གསར་སྤེལ་གྱི་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།

(དཀོན་མཆོག་སྒྲོལ་མས་བསྒྱུར། བདེ་སྐྱིད་དང་དཀོན་སྒྲོལ་གྱིས་ཞུས)

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།