འཚོ་བ་ཇེ་ཡག་ཏུ་འགྲོ་བཞིན་པ་། —— མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་པ་སངས་སྒྲོལ་དཀར་གྱི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-12 11:13:26

ཐོག་མར་པ་སངས་སྒྲོལ་དཀར་བཟའ་ཚོ་གཉིས་མཐོང་སྐབས་ཐབ་ཚང་ནང་ཁོང་གི་བཟའ་ཟླ་ལུའུ་ལེ་ཀྲང་གིས་ཚལ་རྔོ་བ་དང་པ་སངས་སྒྲོལ་དཀར་གྱིས་རྔོས་ཟིན་པའི་ཚལ་ཐུམ་རྒྱག་བཞིན་འདུག

བྲེལ་འཚུབ་ཀྱི་བར་གསེང་དུ་ང་ཚོས་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་ཁོང་ཚོ་ནི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཞིག་ཡིན་པ་དང་ལུའུ་ལེ་ཀྲང་ནི་མཚོ་སྔོན་གྲོ་ཚང་ནས་ཡིན་པ་དང་པ་སངས་སྒྲོལ་དཀར་ནི་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་ལྕེ་བདེ་ཞོལ་སྡེ་ཁུལ་ནས་ཡིན་པ་ཤེས་བྱུང་། “བོད་དུ་ང་ཚོའི་ཁྱིམ་ཚང་ལྟ་བུར‘མཐུན་སྒྲིལ་ཁྱིམ་ཚང’ཟེར་གྱི་རེད”ཅེས་པ་སངས་སྒྲོལ་དཀར་གྱིས་བཤད།

བོད་དུ་ཡོང་དོན་གང་ཡིན་ནམ་ཞེས་འདྲི་སྐབས་ལུའུ་ལེ་ཀྲང་གིས“2000ལོར་ཤིན་ཅང་ནས་དམག་ཞབས་ཐིམས་རྗེས་བོད་དུ་ཡོང་བ་ཡིན། སྐབས་དེར་བོད་ལ་རྒྱུས་མངའ་མེད། གྲོགས་པོས་བོད་དུ་ཡོང་ན་ཡག་པོ་འདུག་ཅེས་བརྗོད་ཀྱི་འདུག་པས་བོད་ལ་ཡོང་བ་ཡིན”ཞེས་བཤད།

ཐོག་མར་བོད་དུ་སླེབས་སྐབས་ལུའུ་ལེ་ཀྲང་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཡོད།

ཁོང་གིས་གསར་འགོད་པར་ལྷ་སར་སླེབས་རྗེས་སྒོར་སུམ་བརྒྱ་ཙམ་བཞི་བརྒྱ་ཙམ་ལས་མེད་པ་དེའང་འགྲོ་སོང་བཏང་ནས་ལྷག་མ་སོང་། འཚོ་བའི་ཆེད་གནས་སྐབས་གླ་པ་བྱས་ནས་སྡོད་དགོས་བྱུང་ཞེས་བཤད།

ཆེད་ལས་རྩལ་ནུས་གང་ཡང་མེད་པའི་ལུའུ་ལེ་ཀྲང་གིས་ཁྲེང་ཏུའུ་རུ་མ་བྱན་གྱི་ལག་རྩལ་སྦྱོང་བའི་སེམས་ཐག་བཅད།

ལག་རྩལ་བྱང་ཆུབ་རྗེས་ཚང་མས་ལུའུ་ལེ་ཀྲང་ལ་ནང་སར་སྡོད་རྒྱུའི་བསླབ་བྱ་བྱས་ཀྱང་ཁོང་སྔར་བཞིན་བོད་དུ་ཡོང་། “བོད་ནི་རང་ཉིད་ཁ་བྲལ་འདོད་མེད་པའི་ས་ཆ་ཞིག་ཡིན། དེར་འཚོ་བ་སྐྱེལ་བའི་ཐབས་ལམ་མང་བ་མ་ཟད། དེའི་མི་རྣམས་སེམས་པ་ཧ་ཅང་བཟང་བས་འབྲེལ་གཏུག་བྱེད་བདེ་པོ་འདུག”ཅེས་ལུའུ་ལེ་ཀྲང་གིས་བཤད།

བོད་དུ་ཐེངས་གཉིས་པ་ཡོང་སྐབས་ལུའུ་ལེ་ཀྲང་ལ་ལྟོ་གོས་དང་བརྩེ་དུང་གཉིས་ཀ་ཐོབ་ཅིང་། ལུའུ་ལེ་ཀྲང་གིས་གསར་འགོད་པར་ང་དང་པ་སངས་སྒྲོལ་དཀར་ལྷ་སའི་མགྲོན་ཁང་ཞིག་ནང་ལས་ཀ་བྱེད་སྐབས་ངོ་ཤེས་བྱུང་། སྐབས་དེ་དུས་ང་མ་བྱན་ཡིན་པ་དང་ཁོང་ཞབས་ཞུ་མ་ཞིག་རེད། སེམས་པ་བཟང་ལ་བབ་ཆགས་པའི་ཁོང་ལ་སེམས་འགུལ་ཟབ་མོ་ཐེབས་བྱུང་ལ། རང་ཉིད་ཀྱི་ཕ་ཡུལ་དུ་གཉེན་སྒྲིག་བྱེད་དགོས་བསམ་ན་ཁྱོ་གའི་ཁྱིམ་ནས་མནའ་མར་སློང་རྟེན་འབོར་ཆེན་ཞིག་གྲ་སྒྲིག་བྱེད་དགོས་ཀྱི་ཡོད། དེ་ལྟར་མ་བྱས་ཚེ་གཉེན་སྒྲིག་བྱེད་ཐབས་བྲལ། བོད་དུ་གོམས་གཤིས་འདི་འདྲ་མི་འདུག་པས་དེའང་བོད་རིགས་བུ་མོ་དང་གཉེན་སྒྲིག་བྱེད་པའི་རྒྱུ་མཚན་ཞིག་ཡིན་ཞེས་བཤད།

གཉེན་སྒྲིག་བྱས་རྗེས་བཟའ་ཚོ་གཉིས་མུ་མཐུད་ལྷ་སར་གླ་པ་བྱས་པ་དང་ཕྲུ་གུ་བྱུང་རྗེས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་གྱུར།

“ན་ནིང་པ་སངས་སྒྲོལ་དཀར་གྱིས་ངར་ལྕེ་བདེ་ཞོལ་དུ་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་བཞིན་ཡོད་པས་ཕ་ཡུལ་དུ་ལས་ཀ་འཚོལ་བར་འགྲོ། དེ་ལྟར་བྱས་ཚེ་ཕ་ཡུལ་གྱི་ཕ་མ་རྒན་རྒོན་ལ་ལྟ་རྟོག་བྱེད་ཐུབ་ཅེས་བརྗོད་བྱུང་བས་ལྕེ་བདེ་ཞོལ་དུ་ལས་གཏོད་བྱེད་པར་ལོག་པ་ཡིན། མགྲོན་ཁང་དེ་འདི་ལོའི་ཟླ་བདུན་པར་བཙུགས་པ་ཡིན། མ་རྩ་ཕུད་བཟའ་ཚོ་གཉིས་ལ་ཟླ་རེར་ཡོང་འབབ་སྒོར་ཁྲི་1.2འདུག”ཅེས་ལུའུ་ལེ་ཀྲང་གིས་བཤད།

“དངུལ་དེ་དག་གིས་ང་གཉིས་ལ་འདང་ངེས་འདུག ང་ཚོས་འབད་བརྩོན་བྱས་ཚེ་འཚོ་བ་ཇེ་ཡག་ཏུ་འགྲོ་ངེས་རེད”ཅེས་པ་སངས་སྒྲོལ་དཀར་གྱིས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།