ལང་ཚོར་བརྟེན་ནས་ལས་གཏོད་ལམ་བུ་གཏོད། —— གཞོན་ནུ་ལས་གཏོད་པ་བསྟན་འཛིན་ནོར་བུའི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-12 11:13:26

འདི་ལོ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་སློབ་མའི་ལྷན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཀྲུང་གོ་གཞོན་ནུའི་ཚགས་པར་ཁང་དང་KABརྒྱལ་ཡོངས་ཁྱབ་གདལ་གཞུང་དོན་ཁང་གིས་གཉེར་འགན་འཁུར་བའི“2017ལོའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་དཔའ་བོ་འཚོལ་བའི”བྱེད་སྒོར་ལེགས་གྲས་བརྒྱའི་མིང་ཐོ་ཡོངས་བསྒྲགས་བྱས་པ་རེད། ལས་གཏོད་པ་ཁྲི་སྟོང་མང་པོའི་ཁྲོད་ནས་འབུར་དུ་ཐོན་པའི་ལེགས་གྲས་བརྒྱ་དེ་དག་ནི་གཞོན་ནུ་ལས་གཏོད་ལས་རིགས་ནང་གི“འབྱུང་འགྱུར་གྱི་གྲགས་ཅན”རེད་ཅེས་བརྗོད་ཆོག ཁོང་ཚོས་གསར་གཏོད་བྱས་པའི་ཀུང་སི་མིས་བཟོས་རིག་ནུས་དང་། དྲ་སྦྲེལ+རིག་གནས་གསར་གཏོད་ཐོན་ལས་སོགས་ཀྱི་ཁྱབ་ཁོངས་སུ་གཅིག་རྗེས་གཉིས་མཐུད་ངང་ནུས་རྩལ་གཟེངས་སུ་ཐོན་ཡོད། “གྲགས་ཅན་ལྷན་འཛོམས”ལེགས་གྲས་བརྒྱའི་མིང་ཐོའི་ནང་གི་མིང་ཞིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་ནི་བོད་ལྗོངས་སློབ་ཆེན་ཐོན་པའི་གཞོན་ནུ་ལས་གཏོད་པ་བསྟན་འཛིན་ནོར་བུ་རེད།

2015ལོར། ནང་སར་ལས་ཀ་ལོ་གཉིས་བྱས་ནས་ཤེས་བྱ་དང་ཐོན་ཁུངས་ངེས་ཅན་གསོག་འཇོག་བྱས་པའི་བསྟན་འཛིན་ནོར་བུས་འཕྲལ་ཐག་ཆོད་པོས་ལས་གནས་དགོངས་ཞུ་བྱས་ཏེ་ལྷ་སར་ལོག ལྷ་སར་ལོག་རྗེས་ཀྱི་ལོ་གཅིག་ལྷག་ཙམ་གྱི་དུས་ཚོད་ནང་བསྟན་འཛིན་ནོར་བུས་རང་ཉིད་ཀྱི་ལུས་སེམས་གཉིས་ཀ་རང་བརྟེན་ལས་གཏོད་ཐད་བཞག་པ་སྟེ། རང་ཉིད་ཀྱི་ལས་གཏོད་འཆར་འགོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་འདོད་མཐུན་གཅིག་མཐུན་གྱི་ལས་གཏོད་རོགས་ཟླ་བཙལ་ནས་ལས་གཏོད་ཚོགས་པ་དེ་ནུས་ཤུགས་ཡོད་རྒུས་བཙུགས་པ་དང་། མཐར་2016ལོར་བོད་ལྗོངས་མཆོག་ནོར་མཚམས་སྦྱོར་ཀུང་སི་དང་བོད་ལྗོངས་མཆོག་ནོར་ཆ་འཕྲིན་ཚན་རྩལ་ཀུང་སི་སྔ་རྗེས་སུ་བཙུགས་པ་རེད།

2016ལོའི་ལོ་མཇུག་ཏུ་བོད་ལྗོངས་མཆོག་ནོར་ཆ་འཕྲིན་ཚན་རྩལ་ཀུང་སི་ལྷ་ས་ཚན་རྩལ་ཀུན་གཏོད་བར་མཐོངས་ནང་ཞུགས་ཤིང་། “ཀུན་གཏོད་བར་མཐོངས་ནང་ང་ཚོར་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་ལོངས་སུ་སྤྱོད་རྒྱུ་བྱུང་བ་དཔེར་ན། བོགས་དངུལ་ཆག་ཡང་དང་རྩ་ཆག་བཏང་བ་སོགས་རེད། དེ་གར་རྟག་ཏུ་རིགས་གཅིག་མཁས་ཅན་མཛུབ་ཁྲིད་ལ་གདན་དྲངས་པ་ལས་ང་ཚོར་དངོས་འབྲེལ་ཕན་པ་མང་པོ་ཞིག་ཐོགས་བྱུང་ལ། ང་ཚོའི་ལས་སྒོའི་གཞི་ཁྱོན་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་སོང”ཞེས་བསྟན་འཛིན་ནོར་བུས་བཤད།

ན་ནིང་། བོད་ལྗོངས་མཆོག་ནོར་མཚམས་སྦྱོར་ཀུང་སིས་སྐབས་གཉིས་པའི་བོད་ལྗོངས་སྤྱི་ཕན་ཐུགས་རྗེ་ལེགས་འབུལ་གྱི་བྱེད་སྒོ་དང“གར་ཉམས་ཀྱི་ནན་ཅིང་། འཕུར་མཆོང་གི་གངས་ལྗོངས”ཞེས་པའི་སྒོར་གཞས་འགྲན་བསྡུར་ཆེ་མོ་གཉེར་རྒྱུར་རོགས་རམ་བྱས་པ་དང་། སྐབས་དང་པོའི《བོད་ལྗོངས་རྩོམ་རིག》མཐོ་སློབ་ཏུ་སྤེལ་བའི“རྩོམ་རིག་བུམ་པའི”རྩོམ་བསྡུའི་འགྲན་བསྡུར་ཆེ་མོ་དང་གྲགས་ཅན་རྩོམ་པ་པོ་བརྒྱ་སློབ་གྲྭར་སྐྱོད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་སྐབས་གཉིས་པའི་འཕྱོངས་རྒྱས་ཀྱི་བཙན་པོའི་རིག་གནས་དང་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་གཉེར་འགན་འཁུར་བ་རེད།

ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་རང་བརྟེན་ལས་གཏོད་ལ་ཡར་སྐུལ་བྱས་ཡོད། རང་བརྟེན་ལས་གཏོད་ཀྱི་གདམ་ག་བྱེད་མཁན་སློབ་གྲྭ་ཆེ་མོ་བ་ཇེ་མང་དུ་སོང་བ་དང་ལས་གཏོད་ཁྱབ་ཁོངས་སྔར་བས་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་པ་དེ་དག་རིག་གནས་མཚམས་སྦྱོར་དང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་ལས་སྣོན་བྲིན་ཚོང་། ཟོག་འགྲེམས། གློག་རྡུལ་ཚོང་དོན། ཡུལ་སྐོར། ཚན་རྩལ་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།

འབྱུང་འགྱུར་སྐོར་གླེང་སྐབས་བསྟན་འཛིན་ནོར་བུར་ཡིད་ཆེས་ཀྱིས་ཁེངས་ཤིང་། ཁོང་གིས“ལས་གཏོད་ནི་དཀའ་ཚེགས་ཧ་ཅང་ཆེ་བའི་བྱ་བ་ཞིག་རེད། འོན་ཀྱང་ལས་གཏོད་བྱས་པ་ལས་ང་ཚོར་ལང་ཚོའི་དྲིན་ཚོར་ཞིག་མྱོང་ཚོར་བྱུང་། ད་ཆ་བོད་ཀྱིས་གཞོན་ནུའི་ལས་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ལས་གཏོད་ཀྱི་ཁོར་ཡུག་ཧ་ཅང་ཡག་པོ་ཡོད་པས། འབྱུང་འགྱུར་ང་ཚོ་རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བྱ་རྒྱུར་ཐུག་ཡོད”ཅེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།