དབུལ་པོའི་གནས་ལས་གྲོལ། སྐྱིད་པའི་འཚོ་བར་རོལ། —— ཁྲེང་ཀོན་ཆུས་ཤ་གསར་ཟུར་སྡེ་ཁུལ་གྱིས་དམངས་ཕན་ཉི་འོད་ཇ་ཁང་བཙུགས་པའི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-10-12 11:13:26

ཞོགས་པ་ཤ་གསར་ཟུར་སྡེ་ཁུལ་གྱི་ཉི་འོད་ཇ་ཁང་ནང་དགའ་བའི་འཛུམ་མདངས་འཕྱུར་བ་དང་ཇའི་དྲི་ཞིམ་འཐུལ་ཞིང་། གྲོང་མི་རང་ཉིད་ལ་དབང་བའི་དམངས་ཕན་ཉི་འོད་ཇ་ཁང་གིས་ཤ་གསར་ཟུར་སྡེ་ཁུལ་གྱི་གྲོང་མིར་སོས་དལ་དང་ཡོང་འབབ་གསོག་པའི་འདུ་གནས་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། ཇ་ཁང་ནང་གཙང་ལ་གྲལ་སྒྲིག་པ་དང་ཞབས་ཞུ་བ་ཚོས་ཞོགས་སྔ་པོ་ནས་འཛད་སྤྱོད་པ་ཚོར་ཇ་མངར་མོ་དང་། ཇ་སྲུབས་མ། བོད་ཐུག་སོགས་བཟའ་བཅའ་དང་འཐུང་བཅའ་སྣ་ཚོགས་གྲ་སྒྲིག་བྱས་ཟིན།

1987ལོའི་གོང་ཤ་གསར་ཟུར་སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ཚོ་གཙོ་བོ་ཨར་པོའི་ལས་རིགས་གཙོ་བོར་བྱེད་པ་དང་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་720ཡང་ཟིན་གྱི་མེད། ལོ་མང་གོང་ཤ་གསར་ཟུར་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ནི་མི་ཤུགས་འཁོར་གསུམ་འཁོར་ལོ་དང་ཁྲོམ་གཞུང་ལམ་རྒྱུད་ཀྱི་ཚོང་ཁང་གཙོ་བོར་བྱེད་པས་གྲོང་མིའི་འཚོ་བ་སྐྱོ་པོ་ཡོད།

དེ་སྔ་ཆ་རྐྱེན་དབུལ་བའི་ཤ་གསར་ཟུར་སྡེ་ཁུལ་ད་ཆ་མི་རེར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་6000ལྷག་ཙམ་ཟིན་པའི་འབྱོར་ཕྱུག་སྡེ་ཁུལ་དུ་འགྱུར་ཡོང་སྙམ་པ་ནི་མི་རྣམས་ཀྱི་བསམ་པའི་ཡུལ་ལའང་མེད།

ཤ་གསར་ཟུར་སྡེ་ཁུལ་གྱི་ཏང་ཀྲི་པུས་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ཀྱི་ཡོང་ཁུངས་གསར་པ་བཏོད་པ་དང་སྡེ་ཁུལ་གནས་སའི་དམིགས་བསལ་ས་ཁམས་གནས་ཡུལ་ལ་བསམ་གཞིག་བྱས་ཏེ་སྡེ་ཁུལ་གྱིས་ཞིབ་འཇུག་བྱས་པ་བརྒྱུད། སྡེ་ཁུལ་གྱི་ཁྲོམ་གཞུང་ལམ་རྒྱུད་ཀྱི་ཚོང་ཁང་དུ་ཇ་ཁང་འཛུགས་རྒྱུའི་གཏན་འཁེལ་བྱས། འདི་ལོའི་ཟླ་8པར་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་ཇ་ཁང་དང་པོ་དེ་བཙུགས་པ་ལས་ཁོངས་གཏོགས་ཁུལ་གྱི་དུད་ཚང་དགུའི་མི་10ཡི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཡོད།

ཤ་གསར་ཟུར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ལྟེ་གནས་ཀྱི་ཀྲུའུ་རེན་ཆོས་རྒྱལ་ཉི་མས“ཤ་གསར་ཟུར་སྡེ་ཁུལ་དུ་ད་ལྟ་ཐོ་འགོད་བྱས་པའི་གྲོང་མི་2187ཡོད་པའི་ནང་བུད་མེད་1247ཡོད། དབུལ་སྐྱོར་འགག་སྒྲོལ་འཆར་གཞིའི་དམ་འཛིན་བྱ་གཞི་གཙོ་བོ་ནི་བུད་མེད་ཡིན། ཉམས་ཞན་བུད་མེད་ཚོགས་སྤྱི་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ཆེད་སྡེ་ཁུལ‘ཨུ་ལྷན་གཉིས’ཚན་ཁག་དང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་སོགས་ཀྱིས་དབྱེ་ཞིབ་གཏིང་ཟབ་བྱས་མཐར་ཕྱོགས་ཁག་གི་ཆ་རྐྱེན་ཕྱོགས་བསྡུས་བྱས་ནས་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་དབུལ་སྐྱོར་རྣམ་གྲངས་གཏན་འཁེལ་བྱས་ཡོད”ཅེས་གསར་འགོད་པར་བཤད།

དམངས་ཕན་ཉི་འོད་ཇ་ཁང་དུ་ད་ལྟ་ལས་དོན་མི་སྣ་10ཡོད་པ་ཚང་མ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དབུལ་པོ་ཤ་སྟག་རེད། ད་ཆ་ལས་མི་བཅུ་པོ་དེ་དག་ལ་ཟླ་རེར་སྒོར་3000ནས་5000བར་གྱི་ཡོང་འབབ་ཡོད་པ་དང་། དེ་མིན་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་དང་། དཀའ་ངལ་ཡོད་པའི་ཏང་ཡོན། སྡེ་ཁུལ་གྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་སོགས་ཚང་མར་སྡེ་ཁུལ་ཇ་ཁང་གཉེར་སྐྱོང་ཁྲོད་ནས་མ་དངུལ་གྱི་རོགས་སྐྱོར་དང་རོགས་རམ་ཐོབ་ཀྱི་ཡོད་པ་རེད།

དམངས་ཕན་ཉི་འོད་ཇ་ཁང་བཙུགས་པ་དེ་ལས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་སྡེ་ཁུལ་གྱི་ལས་ཞུགས་ཐུབ་ཚད་མཐོ་རུ་ཕྱིན་པ་མ་ཟད། སྡེ་ཁུལ་ཇ་ཁང་གཉེར་སྐྱོང་བྱས་པ་བརྒྱུད། སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་ནུས་ལྡན་ཐུབ་པ་དང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་སྡེ་ཁུལ་མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་ཏེ་ཁོང་ཚོའི་འཚོ་བའི་གནོན་ཤུགས་ཞི་ལྷོད་དུ་སོང་ཡོད་པ་རེད།

“མིག་སྔའི་བར། ཇ་ཁང་གི་ཉིན་རེའི་ཆ་སྙོམས་ཚོང་གཉེར་ཡོང་འབབ་སྒོར་3500ལྷག་ཙམ་ཟིན་ནས་ཁོངས་གཏོགས་ཁུལ་གྱི་དུད་ཚང་དགུའི་མི་10ཡི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད། གོམ་སྟབས་རྗེས་མར་ང་ཚོའི་སྡེ་ཁུལ་གྱིས་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མི་དེ་བས་མང་བ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན”ཞེས་ཆོས་རྒྱལ་ཉི་མས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།