ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་དུས་རབས་གསར་པའི་རྒྱུགས་ལན་ཡག་པོ་འབྲི་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-05-08 10:10:21

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་དང་། ཐོན་ལས་འཕེལ་རྒྱས་དང་། ས་ཁོངས་མཐུན་སྦྱོར། སྣོད་བཅུད་སྲུང་སྐྱོང་། སྒྱུར་བཅོས་སྒོ་འབྱེད། དམངས་འཚོ་ལེགས་བཅོས་བཅས་ཀྱི་གཙོ་གནད་ལས་དོན་མངོན་གསལ་དོད་པོས་ཡག་པོ་བསྒྲུབས་ཏེ་དར་རྒྱས། ཞི་མཐུན། བདེ་ཐང་། ལྗང་མདོག མཛེས་སྡུག་བཅས་ལྡན་པའི་ཉིང་ཁྲི་སྟེ“ཁྱད་ཆོས་ལྔ་ལྡན་གྱི་ཉིང་ཁྲི”ཧུར་ཐག་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དེ་སྤུས་ཚད་ལེགས་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་གོམ་ཞེང་ཆེན་པོས་བསྐྱོད་ཡོད།

ཡུལ་སྐོར་ཐོན་ལས་ཀྱི་འཕེལ་ཕྱོགས་བཟང་བ། ཉིང་ཁྲིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“དགུན་དུས་ཀྱི་ཁྲོམ་ར་བརྟན་པོ་དང་། ཡུལ་སྐོར་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ”བཅས་ཀྱི་བྱེད་སྒོ་སྤེལ་བས་དེ་སྔ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི“ཉོ་དཀའ་བ་དང་། སྡོད་དཀའ་བ། བཟའ་དཀའ་བ”སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐེབས་ཡོད། འདི་ལོ་ཚུན་དུ་རིམ་རྩིས་བྱས་ན་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་166ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་11.39བྱུང་བ་དེ་དུས་མཚུངས་ལས་སོ་སོར་81.6%དང་48.5%འཕར་བས་ཉིང་ཁྲིའི་ཡུལ་སྐོར་གྱི་སྙན་གྲགས་ཧ་ཅང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

ཞིང་འབྲོག་པའི་ཁྱད་ལྡན་ཐོན་ལས་དར་རྒྱས་བྱུང་བ། “ཁུལ་གཅིག་དང་རྟེན་གཞི་བཞི”སྐྲུན་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཁྱེར་ཡོངས་སུ་འབྲས་ཤིང་མུའུ་ཁྲི་27.33དང་། བོད་སྨན་གྱི་སྨན་རྒྱུ་མུའུ་ཁྲི་1.22 ཇ་ལོ་མུའུ་ཁྲི་2.7 ཚལ་རིགས་མུའུ་ཁྲི་1.14བཅས་བཏབ་ཡོད་པ་རེད། “རྒྱལ་ཡོངས་ཀྱི་བོད་ཕག་གི་ཕ་ཡུལ”གཏོད་རྒྱུར་གཙོ་གནད་དུ་དམིགས་ནས་འཕེལ་རྒྱས་ཀྱི་ལམ་བུ་ཁ་གསལ་བཟོ་བ་དང་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་ཏེ་བོད་ཕག་རྒྱུད་གཙང་ཡོང་བ་དང་། རྒྱུད་བཟང་སྐྱེ་འཕེལ་ཁྱབ་གདལ་གཏོང་བ། གཞི་ཁྱོན་ཅན་གྱི་གསོ་ཚགས་དར་སྤེལ། ཐོན་རྫས་ལས་སྣོན་གཏིང་ཟབ། སྤུས་རྟགས་གཏོད་པ་བཅས་གཞི་གཅིག་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བཏོད་ནས། བོད་ཕག་ཐོན་ལས་འཕེལ་རྒྱས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ལམ་བུ་གསར་པར་སྐྱོད་པར་སྐུལ་འདེད་བཏང་ནས་2020ལོར་སླེབས་སྐབས་གྲོང་ཁྱེར་ཡོངས་ཀྱི་བོད་ཕག་གསོ་ཚགས་ཀྱི་གཞི་ཁྱོན་མགོ་གྲངས་ཁྲི་100ལ་སླེབས་རྒྱུ་དང་ལོར་བཤས་གཏོང་ཚད་50%ཡན་ཟིན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

ས་ཁོངས་འཕེལ་རྒྱས་སྔར་བས་མཐུན་སྦྱོར་བྱུང་བ། ལྷ་ཉིང་ལྕགས་ལམ་དང་། ཡུན་བོད་ལམ་གསར། བོད་དབུས་དང་ཆབ་མདོའི་གློག་དྲ་སྦྲེལ། རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཅོས་རིམ་སྤོར་སོགས་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། “རིག་ལྡན་གྲོང་ཁྱེར”དང་། གྲངས་གཞི་ཆེ་མོའི་ལས་སྟེགས་འཛུགས་སྐྲུན། གྲོང་ཁུལ་རྙིང་པའི“ཅན་གསུམ”བསྒྱུར་བཀོད། གྲོང་ཁུལ་གྱི་ཨར་འདམ་ལམ་སྣུམ་ནག་གཞུང་ལམ་དུ་བསྒྱུར་བ་སོགས་ཀྱི་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་རྒྱུན་མཐུད་སྤེལ་བ། ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ནས་གྲོང་ཁྱེར་ཐད་གཏོགས་ཚན་པའི་ཁག་བདུན་པའི་གྲོང་སྡོད་ལས་དོན་རུ་ཁག་47དག་རྫ་ཡུལ་དང་། མེ་ཏོག སྣང་རྫོང་བཅས་ཤིན་ཏུ་དབུལ་བའི་རྫོང་3གི་ཤིན་ཏུ་དབུལ་བའི་གྲོང་ཚོར་མངགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེགས་བྱེད་བཞིན་ཡོད། ཆབ་མདོའི“ས་ངན་ཡུག་ཁུལ”གྱི་གནས་སྤོའི་མང་ཚོགས་བཀོད་སྒྲིག་རོགས་སྐྱོར་གྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་ས་ཆ་གསར་སྦོལ་ལ་མ་དངུལ་སྒོར་ཁྲི་1984བཏང་ཡོད། ད་ཆ་གནས་སྤོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

སྤྱི་ཚོགས་ཀྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་བ། “དཔྱིད་རླུང་གི་བྱ་སྤྱོད”སོགས་ཀྱི་ལས་གནས་གདན་ཞུའི་ཚོགས་འདུ་འཚོགས་ནས་ཟླ་དང་པོ་ནས་གསུམ་པའི་བར་མི་405ལ་ལས་ཞུགས་ཐུབ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་ཀྱི་ཚད་གཞི་2%ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད། སློབ་གྲྭའི་དོ་དམ་ཉིན་རེ་བཞིན་ཚད་ལྡན་དུ་ཕྱིན་པ་དང་སློབ་གསོའི་འགན་ལེན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་རེད། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གྱི་ཞིབ་དཔྱད་བསྐྱར་མ་བྱེད་སྐབས་རྒྱལ་ཡོངས་རྒྱལ་གཅེས་འཕྲོད་བསྟེན་ལུས་རྩལ་ཨུ་ལྷན་གཞུང་ལས་ཁང་གིས་དཔྱད་ཞིབ་ཐོབ་སྟེ། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ“ཀ་པ་རིམ་པ་གསུམ་པའི”སྒོ་བྱང་དངོས་སུ་བཀལ་བ་དང་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་སྤེལ་སྐབས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་དཔྱད་ཞིབ་སྤེལ་མའི་ཁྲོད་ཨང་དང་པོར་སླེབས་པས་བདེ་ཐང་ལྡན་པའི་ཉིང་ཁྲི་གཏོད་པར་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་ཡོད།

མི་རིགས་མཐུན་སྒྲིལ་མི་སེམས་སུ་གཏིང་ཟབ་ཟུག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཉིང་ཁྲིར་གཞིས་ཆགས་པའི་ཕྱི་ཕྱོགས་ཐོན་ལས་ཀྱི་འཇོན་ཐང་ཅན་དང་ཕྱུག་འགྱུར་འཇོན་ཐང་ཅན་གཟེངས་བསྟོད་ཚན་པའི་ཁོངས་སུ་བཅུག་པ་དང་དེ་བཞིན་གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་འདེམས་སྒྲུག་ནང་དུའང་བཅུག་ནས། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་སྟེ། མི་རིགས་ཁག་གི་མང་ཚོགས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་དྲང་ནུས་ཆེན་པོ་ཞིག་གཅིག་སྒྲིལ་ཐུབ་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཉིང་ཁྲིའི་ས་གཞི་ཆེན་པོར་ཡུན་ནས་ཡུན་དུ་བཞད་བཞིན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།