ལྷ་སར་སྣ་མང་སྤྱི་ཚོགས་འགན་ལེན་མ་ལག་གིས་རྒན་རྒོན་ཁྲི་5.2 ལ་གཡས་གཞོགས་གཡོན་འདེགས་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-28 10:33:24

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གྱི་ཕྱི་དྲོ། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་གྱི་ལོ་60ཡན་གྱི་རྒན་རྒོན་52055ཟིན་ནས་ཐེམ་ཁུངས་མི་གྲངས་ཀྱི་10.8%བཟུང་ཡོད། རྒན་རྒོན་གྱི་འཚོ་བ་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་གཞི་རྩའི་རྒན་གསོ་དང་། གཞི་རྩའི་སྨན་བཅོས། མ་མཐའི་འཚོ་བ་འགན་ལེན་དང་སྨན་བཅོས་རོགས་སྐྱོབ་སོགས་ཟུང་འབྲེལ་གྱི་སྤྱི་ཚོགས་འགན་ལེན་མ་ལག་བཙུགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་ལོ་མཇུག་བར། ལྷ་ས་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི་53.78ཟིན་པ་དང་ལོ་60ཡན་གྱི་རྒན་རྒོན་52055ཡོད་པའི་ནང་ལོ་བརྒྱ་ཡན་24ཡོད་པ་དེ་ཐོག་ནས་ལྷ་སའི་ན་རྒས་མི་འབོར་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་མཚོན་གྱི་ཡོད།

2018ལོར། ལྷ་ས་གྲོང་ཁྱེར་གྱིས་ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་མཐོ་རུ་དང་ཁ་གསབ་བྱེད་ཁྱོན་ཆེ་རུ་བཏང་བ་དེའི་ནང་། ལོ་70ནས་79བར་གྱི་རྒན་རྒོན་ཁ་གསབ་ཁྱབ་ཁོངས་ནང་བཅུག་ནས་མི་རེར་ལོ་རེར་ཁ་གསབ་སྒོར་600སྤྲོད་པ་དང་དུས་མཚུངས་ཁ་གསབ་ཀྱི་ཚད་གཞིའང་མཐོ་རུ་བཏང་ནས་ལོ་80ནས་89བར་གྱི་རྒན་རྒོན་གྱི་ཁ་གསབ་ཚད་གཞི་ལོ་རེའི་སྒོར་450ནས་སྒོར་1200བར་མཐོ་རུ་བཏང་བ།

ལོ་90ནས་99བར་གྱི་རྒན་རྒོན་གྱི་ཁ་གསབ་ཚད་གཞི་ལོ་རེའི་སྒོར་750ནས་སྒོར་2400བར་མཐོ་རུ་བཏང་བ། ལོ་100ཡན་གྱི་རྒན་རྒོན་གྱི་ཁ་གསབ་ཚད་གཞི་ལོ་རེར་སྒོར་1200ནས་སྒོར་3600བར་མཐོ་རུ་བཏང་བ་བཅས་རེད།

ལོ་ན་མཐོ་བའི་རྒན་རྒོན་གྱི་ཚེ་མཇུག་འཚོ་བ་དེ་བས་ལེགས་པའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་དམངས་སྲིད་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ད་དུང་སྨན་བཅོས་རོགས་སྐྱོབ་ཧུར་ཐག་བྱེད་ཀྱི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་སྨན་བཅོས་རོགས་སྐྱོབ་ཀྱི་ཚད་གཞི་སྒོར་ཁྲི་10ཡིན་པ་དང་ནད་ཆེན་དང་དམིགས་བསལ་ནད་གཞིར་དེའི་རྨང་གཞིའི་ཐོག་སླར་ཡང་སྒོར་ཁྲི་15རོགས་སྐྱོབ་བྱེད་ཀྱི་ཡོད། གཞན་ཡང་རྫོང(ཆུས)གིས“སྤྱི་ཚོགས་རོགས་སྐྱོབ་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས”བརྒྱུད་ནད་ཆེན་དང་དམིགས་བསལ་ནད་གཞིའི་རོགས་སྐྱོབ་གནད་དོན་ཞིབ་འཇུག་བྱ་ཆོག་གི་ཡོད།

རྒན་རྒོན་ཚོར་སྒྱུར་བཅོས་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་ལོངས་སྤྱོད་ཏན་ཏིག་ཐུབ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཕན་བདེའི་སྒྲིག་གཞི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་དང་འགན་ལེན་ལྔའི་གཅིག་སྡུད་འཚོ་སྐྱོང་ལས་དོན་ཧུར་ཐག་སྤེལ་ཞིང་། 2017ལོའི་ལོ་མཇུག་བར། ལྷ་སས་འགན་ལེན་ལྔའི་མི་སྣ་1208ཁྲོད་ཀྱི་མི་996གཅིག་སྡུད་འཚོ་སྐྱོང་བྱས་པ་དང་གཅིག་སྡུད་འཚོ་སྐྱོང་བྱེད་འདོད་མེད་པའི་མི་212དེ་དག་ལ་ཟླ་རེ་བཞིན་རྒན་གསོའི་དངུལ་དང་། ཁ་གསབ་ཁག་གཉིས། འགན་ལེན་ལྔའི་ཁ་གསབ། བདག་སྐྱོང་ཁ་གསབ། ངལ་ནུས་ཤོར་བའི་ཁ་གསབ་སོགས་སྲིད་ཇུས་རང་བཞིན་གྱི་ཁ་གསབ་གྲངས་འབོར་ཆ་ཚང་སྤྲད་དེ་འགན་ལེན་ལྔའི་རྒན་རྒོན་གྱི་འཚོ་བར་སེམས་ཁྲལ་མེད་པའི་འགན་ལེན་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།