སློབ་མའི་བདེ་འཇགས་ཆེད“སྲུང་གདུགས”ཕུབ་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-28 10:33:24

ཞོགས་པའི་ཆུ་ཚོད་7དང་སྐར་མ་3ཐོག་ནམ་ད་དུང་ལངས་མེད་ནའང་། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་སྒོ་རྩར་གཟུགས་པོ་དེ་ཙམ་རིང་པོ་མེད་ལ་ཤ་ཅུང་རྒྱགས་པའི་མི་དར་མ་ཞིག་གིས་རྒྱང་ལ་བལྟས་ནས་ཅི་ཞིག་སྒུག་བཞིན་ཡོད་པའི་བཟོ་འདུག

ད་བྱེད་དུས་ཁོང་ནི་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་སློབ་སྤྱི་གཞོན་པ་བུ་ནོར་ཡིན་པ་དང་། ཧ་ལམ་ཉིན་ལྟར་དེ་གར་ལངས་ནས་སློབ་ཕྲུག་རྣམས་བསུ་བཞིན་ཡོད། “ང་ཚོའི་སློབ་གྲྭར་དགེ་སློབ་ཁྱོན་1800ཡོད་པ་དང་། སློབ་ཕྲུག་ཚང་མ་ཞག་སྡོད་མིན་པའི་སློབ་མ་རེད། ང་ཚོའི་སློབ་གྲྭ་གྲོང་ཁུལ་གྱི་མ་ལམ་དུ་གནས་པས་སྒོ་འགྲམ་དུ་འགྲོ་འོང་བྱེད་མཁན་འཁོར་རིགས་ཧ་ཅང་མང་བ་དང་། སློབ་ཕྲུག་ལ་ལ་འགྲོ་ཞོར་སྤོ་ལོ་རྩེ་བ་དང་ཞྭ་མོ་གཡུག་པ་སོགས་བྱ་རྒྱུར་དགའ་པོ་ཡོད་པར་བརྟེན། ཉེན་ཁ་ཆེན་པོ་འདུག གལ་ཏེ་གཟབ་གཟབ་ཏོག་ཙམ་མ་བྱས་ན་འགྲིམ་འགྲུལ་ལས་འཛོལ་ཐོན་ཉེན་ཆེ”ཞེས་བུ་ནོར་གྱིས་བཤད།

བུ་ནོར་གྱིས། ཐེངས་ཤིག་ལོ་རིམ་དྲུག་པའི་འཛིན་གྲྭ་བཞི་པའི་བསྟན་འཛིན་གཡུ་སྒྲོན་རྒན་པ་སློབ་གྲྭའི་སྒོ་ཁར་འབྱོར་སྐབས་གློ་བུར་དུ་སྒྲེང་འབེབས་དབྱུག་པ་ལྷུང་ནས་གལ་སྲིད་ངས་ལམ་སེང་ཁོ་མོ་ཚུར་མ་འཐེན་ན་རྨས་སྐྱོན་ཕོག་ཚར་སོང་ཞེས་གསར་འགོད་པར་བཤད།

སློབ་མའི་བདེ་འཇགས་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱེད་མཁན་མི་དམངས་ཀྱི་དགེ་རྒན་ཁོང་ལ་2017ལོའི་ཟླ་5པར་བོད་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ།

སྤྱིར་ན་སློབ་གྲྭའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་ཀའི་འགན་འཁུར་གྱི་ཡོད་ནའང་། བུ་ནོར་གྱིས་སློབ་མའི་བདེ་འཇགས་དེ་དོན་ཆེན་ཞིག་ཏུ་བརྩིས་ནས་ལྷོད་གཡེང་གཏན་ནས་གཏོང་གི་མེད། ཉིན་ལྟར་སློབ་ཕྲུག་ཚང་མ་འབྱོར་ཏེ་སློབ་ཚན་ཚུགས་རྗེས་ཁོང་གི་སེམས་པ་ལྷོད་དུ་བབས་ཏེ་གཞི་ནས་ལས་ཀ་གཞན་བྱེད་པར་འགྲོ་གི་ཡོད།

གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། “བདེ་འཇགས་སློབ་གསོའི་སྐར་མ་གསུམ”ནི་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་ཆུང་གཉིས་པའི་གསར་གཏོད་བྱེད་ཐབས་ཤིག་ཡིན། སློབ་ཚན་མ་འཚོག་གོང་གི་སྐར་མ་གསུམ་ནང་། སློབ་གྲྭའི་འགོ་ཁྲིད་དམ་ཡང་ན་སློབ་ཚན་འཁྲིད་མཁན་དགེ་རྒན་གྱིས་སློབ་ཕྲུག་ལ་བདེ་འཇགས་ཤེས་བྱ་སྣ་ཚོགས་ཁྲིད་ནས་སློབ་ཕྲུག་གི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་གི་ཡོད། སློབ་ཁང་དུ་ཤོད་པ་ཕུད། བུ་ནོར་གྱིས་ད་དུང་བདེ་འཇགས་འདུ་ཤེས་ཞན་པའི་སློབ་ཕྲུག་ལ་རྐང་བཙུགས་ནས་ཁ་ཏ་བྱས་ཏེ་ཁོང་ཚོའི་བདེ་འཇགས་ཀྱི་འདུ་ཤེས་དང་འགོག་སྲུང་ནུས་པ་ཆེ་རུ་གཏོང་གི་ཡོད།

ཆུ་ཚོད་13པའི་ཐོག་སློབ་གྲྭ་གྲོལ་དུས་ཡིན་པ་དང་བུ་ནོར་གྱིས་སླར་ཡང་སློབ་གྲྭའི་སྒོ་ཁར་དོན་ནས་སློབ་ཕྲུག་རྣམས་ཀྱིས་བང་བསྒྲིགས་ཏེ་འཛིན་རིམ་ལྟར་སློབ་གྲྭ་ནས་བདེ་འཇགས་ངང་ཁྱིམ་དུ་ལོག་རྒྱུར་སྒུག སློབ་ཕྲུག་གང་བྱུང་དུ་རྒྱུག་པ་དང་རྩེད་མོ་རྩེ་ན་ཁོང་གིས་ཁ་ཏ་བྱས་ནས་བདེ་འཇགས་ལ་གཟབ་གཟབ་བྱ་རྒྱུའི་དྲན་སྐུལ་བྱེད་ཀྱི་ཡོད།

ཕྱི་དྲོ་སློབ་གྲྭ་འཚོགས་པ་དང་གྲོལ་དུས། བུ་ནོར་གྱིས་སྔར་བཞིན་སློབ་གྲྭའི་སྒོ་རྩར་ལངས་ནས་སློབ་ཕྲུག་གི་བདེ་འཇགས་ཐད་ཕྱར་བ་གྲུ་འདེགས་བྱེད་ཅིང་། བལྟས་ཚོད་དུ་ལས་སླ་བར་སྣང་བའི་དོན་དེ་བུ་ནོར་གྱིས་ལོ་མང་པོར་རྒྱུན་བསྐྱངས་ཡོད།

སློབ་གྲྭའི་སྒོ་ཁར་སློབ་ཕྲུག་བསུ་སྐྱེལ་བྱེད་པ་ཕུད། བུ་ནོར་གྱིས་ད་དུང་སློབ་འཁོར་དུ་སྡོད་པའི་སློབ་མ་ཁག་གི་བདེ་འཇགས་ལའང་སྣང་ཆེན་བྱེད་ཀྱི་ཡོད། ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་སློབ་ཕྲུག་55ཡིས་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་དུ་འཚོ་བ་སྐྱེལ་གྱི་ཡོད་པ་དང་། ཉིན་ལྟར་སློབ་གྲྭ་འཚོགས་དུས་དང་གྲོལ་དུས་ཕན་བདེ་ཁང་གི་སློབ་འཁོར་གྱིས་བསུ་སྐྱེལ་བྱེད་ཀྱི་ཡོད། སློབ་མ་དེ་དག་གི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཁོང་གིས་གཟའ་འཁོར་རེར་སློབ་ཕྲུག་རྣམས་དང་མཉམ་དུ་སློབ་འཁོར་ལ་ཐེངས་རེ་སྡོད་ཀྱི་ཡོད་པ་དང་། ཁ་ལོ་བས་མྱུར་ཚད་ལས་བརྒལ་མིན་དང་། སློབ་ཕྲུག་ཚོས་གང་བྱུང་དུ་མགོ་བོ་སྒེའུ་ཁུང་ཕྱིར་འདོན་མིན། ཕན་བདེ་ཁང་གི་འཚོ་བའི་དགེ་རྒན་གྱིས་ལྟ་སྐྱོང་ཡག་པོ་བྱེད་མིན་སོགས་ལ་ཞིབ་བཤེར་བྱེད་ཅིང་། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མེད་ཚེ། ཁོང་གཞི་ནས་བློ་བདེ་པོ་ཡོང་གི་ཡོད།

གྲོང་གསེབ་ཀྱི“འགན་ལེན་གསུམ་གྱི་སློབ་ཕྲུག”གི་འཚོ་བཅུད་ལེགས་གཏོང་འཆར་གཞི་ནི་སློབ་གྲྭའི་དོན་ཆེན་རེད། ཁ་ལག་སྤྲོད་ཐེངས་རེར་འཛིན་གྲྭའི་ཀྲུའུ་རེན་གྱིས་སྤྱི་འབོར་ཐད་ཀྱི་མིང་རྟགས་འགོད་པ་དང་། འཛིན་གྲྭའི་ཀྲུའུ་རེན་མངགས་ནས་སློབ་ཕྲུག་མཉམ་དུ་ཁ་ལག་ཟ་བ། འཛིན་གྲྭ་རེར་ད་དུང་འཚོ་བའི་ཨུ་ཡོན་རེ་བཀོད་སྒྲིག་བྱས་ཏེ་སློབ་མའི་ཁ་ལག་ཟ་དུས་ཀྱི་གོམས་གཤིས་ངན་པ་ཐོ་འགོད་ཀྱིས་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་བཅས་ཀྱི་བླང་བྱ་འདོན་གྱི་ཡོད་པ་རེད།

“བདེ་འཇགས་ནི་དོན་དག་ཆུང་ཆུང་མིན། སློབ་སྤྱི་གཞོན་པ་བུ་ནོར་གྱིས་སློབ་ཕྲུག་ལ་དོ་དམ་ནན་པོ་དང་ལས་ཀའི་ཐད་ཧ་ཅང་ཞིབ་ཚགས་བྱེད་པ་མཐའ་དག་སློབ་ཕྲུག་གི་བདེ་འཇགས་ཀྱི་ཆེད་དུ་རེད”ཅེས་བུ་ནོར་དང་མཉམ་དུ་ལོ་20ལྷག་ལས་ཀ་བྱེད་མྱོང་བའི་སློབ་གྲྭའི་སློབ་གསོ་ཆ་འཕྲིན་གཞུང་ལས་ཁང་གི་ཀྲུའུ་རེན་དབང་འདུས་ཀྱིས་གསར་འགོད་པར་བཤད། 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།