རང་སྐྱོང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དྲོད་ཁང་གི་རླངས་གཟུགས་འབུད་ཚད་ཚོད་འཛིན་གྱི་ཇུས་གཞི་བཏོན་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-28 10:33:18

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དྲོད་ཁང་གི་རླངས་གཟུགས་འབུད་ཚད་ཚོད་འཛིན་གྱི་ཇུས་གཞི》བཀྲམ་ནས་2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ནུས་རྒྱུ་དང་ཐོན་ལས་གྲུབ་ཆ་སྔར་བས་བཟང་སྒྲིག་བྱས་ཏེ་ཚན་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2015ལོ་ལས་12%དམའ་རུ་བཏང་ནས་བཟོ་ལས་དང་། ཞིང་འབྲོག་ལས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཐཱན་རྒྱུ་འབུད་གཏོང་བསྡོམས་འབོར་ཚོད་འཛིན་ནུས་ལྡན་ཐུབ་པ་བྱ་རྒྱུའི་གཏན་འབེབས་ཁ་གསལ་བྱས་ཡོད།

《ཇུས་གཞིའི》ནང་། 2020ལོར་སླེབས་སྐབས་དྭངས་གཙང་ཐཱན་ཉུང་དང་། བདེ་འཇགས་ནུས་ཆེ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་དེང་རབས་ཀྱི་ནུས་རྒྱུའི་མ་ལག་ཅིག་བསྐྲུན་རྒྱུ་དང་། ནགས་ཚལ་དང་། ས་ཞིང་། རྩྭ་ཐང་། འདམ་ར་བཅས་ཀྱི་ཐཱན་རྒྱུ་འདུས་ཚད་སྔར་བས་མང་དུ་བཏང་ནས་ཐཱན་རྒྱུ་འདུས་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་དང་སྦྲེལ་མཐུད་བདེ་བླག་ཡོང་བ་བྱས་ནས་ཐཱན་འབུད་དབང་ཆའི་ཉོ་ཚོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཐཱན་འབུད་མེད་པའི་དཔེ་སྟོན་འདུ་འགོད་དང་ཐཱན་ཉུང་ཚོད་ལྟའི་དཔེ་སྟོན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་མ་གཏོང་རྒྱུ། དྲོད་ཁང་གི་རླངས་གཟུགས་འབུད་གཏོང་གི་རྨང་གཞིའི་བསྡོམས་རྩིས་དང་། ཞིབ་རྩིས་སྙན་ཞུ། ཚོད་སྐོར་དཔྱད་ཞིབ་མ་ལག་བཅས་རིམ་པས་བཙུགས་ནས་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)སྲིད་གཞུང་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འགན་འཁྲི་དང་དེ་བཞིན་གཙོ་གནད་འབུད་གཏོང་ཁེ་ལས་ཀྱི་དྲོད་ཁང་གི་རླངས་གཟུགས་འབུད་གཏོང་ཚོད་འཛིན་གྱི་འགན་འཁྲི་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། བཙོག་འབུད་ཉུང་གཏོང་དང་ཐཱན་འབུད་ཉུང་གཏོང་གི་གཞོགས་འདེགས་ནུས་པ་སྔར་བས་ཆེ་རུ་བཏང་ནས་སྤྱི་དམངས་ཀྱི་ཐཱན་ཉུང་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་གཏོང་རྒྱུ་བཅས་ཁ་གསལ་བསྟན་ཡོད།

《ཇུས་གཞིའི》ནང་། དྭངས་གཙང་ནུས་རྒྱུའི་མ་ལག་གང་མགྱོགས་སྐྲུན་པ་དང་། ནུས་རྒྱུ་གྲོན་ཆུང་དང་ནུས་རྒྱུ་ཟད་གྲོན་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་རྒྱུ་འཛད་སྤྱོད་ཀྱི་གྲུབ་ཆ་བཟང་སྒྲིག་དང་། ཐཱན་ཉུང་གི་ཐོན་ལས་མ་ལག་བཏོད་པ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་གཏོང་བ། བཟོ་ལས་ཁྱབ་ཁོངས་ཀྱི་འབུད་གཏོང་ཚོད་འཛིན་བྱེད་པ། ཐཱན་ཉུང་གི་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྣོད་བཅུད་མ་ལག་གི་ཐཱན་རྒྱུ་འདུས་ཚད་མང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་མ་ཤུགས་ཆེན་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐཱན་ཉུང་འཛུགས་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཐཱན་ཉུང་འགྲིམ་འགྲུལ་གྱི་སྐྱེལ་འདྲེན་མ་ལག་འཛུགས་སྐྱོང་། ཐོན་ཁུངས་བེད་སྤྱོད་དང་ཐཱན་ཉུང་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་ཀྱི་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་མ་ཧུར་ཐག་གཏོང་བ། ཐཱན་ཉུང་འཕེལ་རྒྱས་ཀྱི་ཚོད་ལྟའི་དཔེ་སྟོན་འཛུགས་རྒྱུར་སྐུལ་མ་མགྱོགས་སུ་གཏོང་བ། ས་ཁུལ་དབུལ་པོའི་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཐཱན་ཉུང་འཛད་སྤྱོད་ཀྱི་གྲོས་འགོ་ཧུར་ཐག་འདོན་པ། ས་ཁོངས་དབར་གྱི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དྲོད་ཁང་གི་རླངས་གཟུགས་འབུད་ཚད་ཚོད་འཛིན་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།