བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-19 12:01:45

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བོད་ཀྱི་ལས་དོན་དང་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་དགོངས་པ་གསར་པ་དང་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཤར་ནུབ་རྒྱུད་གཉིས་ཀྱི་དབུལ་སྐྱོར་མཉམ་ལས་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་དང་། ཤར་ནུབ་རྒྱུད་གཉིས་ཀྱི་དབུལ་སྐྱོར་མཉམ་ལས། ཁ་གཏད་རོགས་སྐྱོར་ལས་དོན་བཅས་ཡག་པོ་བསྒྲུབ་རྒྱུའི་ཐད་སླར་ཡང་བཀོད་སྒྲིག་དང་བླང་བྱ་གསར་པ་བཏོན་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རང་འགུལ་ངང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཡོད། ཀྲུང་དབྱང་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། བོད་སྐྱོར་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་རང་སོ་སོའི་དོན་དངོས་ལ་གཞི་ཚུགས་ཏེ་རྣམ་གྲངས་དང་། མ་དངུལ། ཤེས་ལྡན་མི་སྣ། སྲིད་ཇུས་སོགས་ཐད་ཀྱི་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་བྱས་ནས་ཁ་གཏད་རོགས་སྐྱོར་མ་དངུལ་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་གཏོང་བ་མཐའ་འཁྱོངས་བྱས་ཡོད། བོད་སྐྱོར་ལས་བྱེད་པ་ཚང་མ་དང་བོད་སྐྱོར་འདུ་འགོད་ཚང་མས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་འདེགས་སྐྱོར་བྱས་ཡོད།

བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་བྱེད་སྟངས་རྒྱུན་མཐུད་འཐུས་ཚང་དུ་བཏང་བ།

བོད་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བ་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་འབྱོར་འབྲིང་དང་འབྲེལ་བ་ཡོད་པ་དང་། བོད་ཀྱི་བདེ་འཇགས་བརྟན་ལྷིང་རྒྱལ་ཡོངས་ཀྱི་བདེ་འཇགས་བརྟན་ལྷིང་དང་འབྲེལ་བ་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ལ་དམིགས་ཏེ་དུས་དཔགས་བབ་བསྟུན་ངང“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱེད་པའི”མཛུབ་སྟོན་གལ་ཆེན་བཏོན་པ་དང་། “ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་གསལ་བཟོ་བཅས་བྱས་ནས་རང་རེའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་དུས་རབས་གསར་པ་བརྩམས་པ་དང་བོད་ཀྱི་ལས་དོན་གྱི་ལམ་ཚད་རྡོ་རིང་གསར་པ་བཏོད་པ་རེད།

1998ལོའི་ཟླ་6པར་སྐབས་དེའི་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་རུ་སྣེ་ཁྲིད་དེ་བོད་དུ་ཕེབས་ནས་ལྷ་ས་དང་། ཉིང་ཁྲི ལྷོ་ཁ། གཞིས་རྩེ་སོགས་སུ་རྟོག་ཞིབ་གནང་བ་དང་འབྲེལ་ཧྥུའུ་ཅན་གྱི་ཁ་གཏད་བོད་སྐྱོར་ལས་དོན་བཀོད་སྒྲིག་གནང་བ་རེད།

2011ལོའི་ཟླ་7པར་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་ཏེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་པ་མཐའ་འཁྱོངས་དང་། ལོ་རྒྱུས་གོ་སྐབས་དམ་འཛིན། རྒྱལ་ཡོངས་ཀྱི་རོགས་སྐྱོར་ཡག་པོ་སྤྱོད་པ། མུ་མཐུད་དཀའ་སྤྱད་འབད་འཐབ། མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་དམིགས་ཚད་ལ་དམ་པོར་དམིགས་པ། དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱས་ནས་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

2014ལོའི་ཟླ་8ཚེས་25ཉིན། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག “ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་བཞི”བཅས་ཀྱི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་དང་། “ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པ། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་ཡུན་རིང་རང་བཞིན་དང་། མང་ཚོགས་རང་བཞིན། ཚན་རིག་རང་བཞིན་བཅས་ལ་ངོས་འཛིན་དང་སྟངས་འཛིན་གང་ལེགས། དཔལ་འབྱོར་བོད་སྐྱོར་དང་། སློབ་གསོའི་བོད་སྐྱོར། ལས་ཞུགས་བོད་སྐྱོར། ཚལ་རྩལ་བོད་སྐྱོར། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར་བཅས་ལག་ལེན་ཤུགས་ཆེན་བསྟར་བ། ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་བཀོད་པ་སྔར་བས་འཐུས་ཚང་དུ་གཏོང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནན་བཤད་གནང་བ་རེད།

2015ལོའི་ཟླ་7ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་འཚོགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་ཆེད་དོན་ཞིབ་འཇུག་གནང་ཞིང་། ཁོང་གིས“ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་བྱས་ཏེ་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་གོ་སྐབས་དམ་འཛིན་གྱིས་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ནས་བོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས”ཞེས་ནན་བཤད་གནང་བ་རེད།

ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་ཆེན་པོ་གཉིས་ཀྱི་ཁྲོད་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས”ཞེས་ནན་བཤད་གནང་བ་རེད།

རྣམ་གྲངས་གཞི་རིམ་དུ་བསྐྲུན་པ་དང་མ་དངུལ་དམངས་འཚོར་བཏང་བ།

ལོ་ལྔའི་རིང་། ཀྲུང་དབྱང་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། བོད་སྐྱོར་གྱི་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་འགན་ལེན་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བར་མཐའ་འཁྱོངས་ཀྱིས་རྣམ་གྲངས་གཞི་རིམ་དུ་བསྐྲུན་པ་དང་མ་དངུལ་མང་ཆེ་བ་དམངས་འཚོར་བཏང་བ་དང་། སྟོབས་ཤུགས་གཅིག་སྡུད་བྱས་ཏེ་མི་སེར་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དངོས་དང་བྱ་བཟང་ཁག་གཅིག་བསྒྲུབས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མི་རིགས་ཁག་གི་མང་ཚོགས་ལ་ཏན་ཏིག་སྦྱིན་ཡོད།

“ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་མ་བསྐྲུན་གོང་གྲོང་རྡལ་དུ་ཟ་ཁང་ཁ་ཤས་དང་ཁྱིམ་ཚང་མགྲོན་ཁང་བཅུ་གྲངས་ལྷག་ཙམ་ལས་མེད། ད་ཆ་གྲོང་རྡལ་དུ་ཟ་ཁང་60ལྷག་ཙམ་དང་ཁྱིམ་ཚང་མགྲོན་ཁང་110ལྷག་ཙམ་ཡོད”ཅེས་ཀླུ་ནང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞེ་པིང་ཧུའེ་ཡིས་ངོ་སྤྲོད་བྱས། ཉིང་ཁྲི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བསྐྲུན་པའི་རྣམ་གྲངས་དེ་2011ལོར་ཀོང་ཏུང་ཞིང་ཆེན་གྱིས་བོད་སྐྱོར་རྣམ་གྲངས་གལ་ཆེན་གྱི་གྲས་སུ་བཅུག་པ་དང་ཀོང་ཏུང་དང་རང་ལྗོངས་ཀྱིས་ལོ་6རིང་འབད་འཐབ་བྱས་ཏེ་བསྐྲུན་པ་ཞིག་རེད། མིག་སྔར་ཀླུ་ནང་གྲོང་རྡལ་ཆུང་ངུར་ཚོང་ལས་ཁྲོམ་གཞུང་དང་། དངུལ་ཁང་། བོད་བཟོའིSPAསོགས་ཞབས་ཞུའི་ཐོན་ལས་ཡོད་པ་དང་བོད་བཟོའི་ཉམས་འགྱུར་ལྡན་པའི་ཡུལ་སྐོར་སྤྲོ་གསེང་གསོལ་མགྲོན་ཁང་དང་དེ་བཞིན་བོད་བཟོའི་ཟ་ཁང་ཡང་ས་གནས་དེ་གར་བཙུགས་ཡོད།

བོད་སྐྱོར་ལས་བྱེད་པ་ཁག་ཐེངས་རེ་རེ་དང་། བོད་སྐྱོར་རྣམ་གྲངས་རེ་རེ། བོད་སྐྱོར་མ་དངུལ་རེ་རེ་བཅས་ནི་འབྲས་ལྡན་སྟོན་གྱི་དུས་ཀྱི་འབྲས་བཟང་དང་གཉིས་སུ་མེད་པར་གངས་ལྗོངས་ས་མཐོའི་ཕྱོགས་མཚམས་ཀུན་ལ་བཏགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་ཐུབ་པ་མ་ཟད། སྒུལ་ཤུགས་སྟོབས་ཆེན་ཞིག་བསྣན་ཏེ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ལོ་རྒྱུས་ཀྱི་ནུས་པ་ཐོན་ཡོད།

“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་སུ་ཆུ་བེད་ཀྱི་བོད་སྐྱོར་ཁོ་ནའི་མ་དངུལ་སྒོར་དུང་ཕྱུར་228བཏང་ཞིང་། ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭ་སོགས་རྨང་གཞིའི་ལས་གྲྭ་གཞི་རྩའི་ཆ་ནས་ཚར་བ་མ་ཟད། ཕན་འབྲས་ཐོན་ཏེ་གྲོང་གསེབ་ཀྱི་མི་འབོར་ཁྲི་74.1གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ཐུབ་པ་དང་། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་150འཕར་བ་དང་ལེགས་བཅོས་བྱུང་བ། གྲོང་གསེབ་ཀྱི་ཆུ་གློག་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་8.99འཕར་བ། ཉེན་ཡོད་སྐྱོན་ཅན་གྱི་ཆུ་མཛོད་ཆུང་གྲས་23ཉེན་སེལ་བརྟན་གཏོང་གི་ལས་འགན་ལེགས་གྲུབ་བྱུང་བ། ས་ཆུ་ཤོར་བའི་ས་ཆ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་545ཕྱོགས་བསྡུས་བཅོས་སྒྲིག་བྱུང་ཡོད། མ་དངུལ་བཏང་བ་དང་ཆུ་བེད་ལས་གྲྭ་གལ་ཆེན་ལག་ལེན་བསྟར་བ་བརྒྱུད། རང་ལྗོངས་ཀྱི་ཆུ་ལོག་སྔོན་འགོག་དང་། ཆུ་མཁོ་འདོན། སྣོད་བཅུད་དང་འབྲུ་རིགས་ཀྱི་བདེ་འཇགས་འགན་སྲུང་བྱེད་ནུས་ཆེ་རུ་ཕྱིན་ཡོད།

སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ནས་ལོ་གཉིས་སོང་རིང་། སྨན་བཅོས་ཤེས་ལྡན་པ་324ཡིས་རྒྱུན་མཐུད་འབད་འཐབ་བྱས་ཏེ་དེ་སྔའི་དུས་ཐུང་དང་ཁ་ཐོར་གྱི་བོད་སྐྱོར་རྣམ་པར་འགྱུར་ལྡོག་བཏང་ནས་ས་མཐོའི་གསོ་རིག་ལས་རིགས་ཀྱི“ཨང་དང་པོ”མང་པོ་བཏོད་པ་དང་། གངས་ལྗོངས་ཀྱི་བུ་ཕྲུག་ལ་ཐག་ཉེ་ས་ནས་སྨན་པ་བསྟེན་རྒྱུ་བྱུང་ཞིང་། དེ་སྔ་ནད་གཞི་ཆེན་པོ་ཕོག་སྐབས་ནང་སར་འགྲོ་དགོས་པ་དང་། ད་ཆ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་བཅས་སུ་སྨན་བཅོས་བྱས་ན་ཆོག་གི་ཡོད།

ཚོགས་སྒྲིག་རྣམ་པའི་སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་དོན་སྤེལ་སྐབས་སློབ་གསོ་པུའི་ཐད་གཏོགས་མཐོ་སློབ་ཀྱི་ཞོར་གཏོགས་སློབ་གྲྭ་འབྲིང་ཆུང་དཔེ་སྟོན་དུ་བྱེད་པ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གྲྭ་གཙོ་བོར་འཛིན་པ་དང་། ཚོགས་པ་ཚང་མར་དགེ་རྒན་10ནས་50ཡོད་ཅིང་། ཚང་མས་གཅིག་སྡུད་ཐོག་སློབ་གྲྭ་འབྲིང་ཆུང་1ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྣམ་པའི་ཐོག་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་20ལ་གཅིག་སྡུད་ཐོག་རོགས་སྐྱོར་བྱས་པ་དང་བོད་ལ་ཆུ་ཚད་མཐོ་བའི་དཔེ་སྟོན་རང་བཞིན་གྱི་མཐོ་འབྲིང་དང་ཚད་ལྡན་ཅན་གྱི་སློབ་གྲྭ་འབྲིང་ཆུང་ཁག་ཅིག་གཏོད་རྒྱུར་རོགས་རམ་བྱས་ཏེ་སློབ་གསོའི་བོད་སྐྱོར་བྱེད་སྟངས་གསར་པའི་འགོ་བརྩམས་ཡོད།

མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་པ།

ལོ་ལྔའི་རིང་ཁ་གཏད་བོད་སྐྱོར་ལས་དོན་གྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བཅས་གཙོ་གནད་དུ་བཟུང་སྟེ་བོད་སྐྱོར་ལས་ཀའི་བསམ་ཕྱོགས་གསར་གཏོད་བྱས་པ་དང་། བོད་སྐྱོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་གསར་པ་ཐོབ་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་རིམ་པ་དེ་གའི་ནོར་སྲིད་ཡོང་འབབ་ཀྱི་70%ཡན་དམངས་འཚོ་ལེགས་གཏོང་དང་འགན་སྲུང་ལ་གཏོང་བ་མཐའ་འཁྱོངས་བྱས་པ་དང་། སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་འབྲིང་དུས་མཚམས་བར་རྒྱལ་ཡོངས་ཀྱི་སྔོན་དུ་ངེས་པ་དོན་ལ་གནས་པའི་ལོ་15ཡི་རིན་མེད་སློབ་གསོ་མངོན་འགྱུར་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རིམ་པས་འཐུས་ཚང་དུ་ཕྱིན་པ། རིན་མེད་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཞིང་འབྲོག་པ་ཡོངས་ལ་ཁྱབ་པ་དང་དགོན་སྡེའི་གྲྭ་བཙུན་སོགས་མི་ཚོགས་ཚང་མ་གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སུ་བཅུག་ཡོད།

2016ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་82096ཟིན་པ་དང་། ལོར་ཆ་སྙོམས་སྤྱི་ལེ་3798རིང་དུ་བཏང་ནས་རིང་དུ་གཏོང་ཚད་30%ཟིན་ཡོད། འདི་ལོའི་ལོ་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་སུ་རིམ་པ་མཐོ་བའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་613ཟིན་རྒྱུ་རེད། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ལས་མཚོ་གཉིས་དང་། ཉི་མ། མེ་ཏོག་བཅས་རྫོང་3ཕུད་དེ་བྱིངས་ཀྱི་རྫོང་གྲོང་ཚང་མར་སྤྱིར་ན་སྣུམ་ནག་ལམ་འབྲེལ་མཐུད་བྱུང་ཡོད། འགྲིམ་འགྲུལ་དབུལ་སྐྱོར་གྱི་འཐབ་ས་གཙོ་བོ་ཡིན་པའི་གྲོང་གསེབ་ཀྱི་གཞུང་ལམ་ལ་2012ལོ་ནས་2016ལོ་བར་བསྡོམས་མ་དངུལ་སྒོར་དུང་ཕྱུར་333བཏང་བས། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཆེན་པོ་ཕྱིན་ཡོད།

ལོ་ལྔའི་རིང་རང་ལྗོངས་ཀྱིས་བྱེད་པོའི་ནུས་པའི་ཁུལ་གྱི་འཆར་གཞི་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་95%ཡན་རྒྱལ་ཁབ་ཀྱིས་གཏན་འགོག་དང་ཚོད་འཛིན་བྱེད་པའི་གསར་སྤེལ་ས་ཁོངས་སུ་བརྩིས་པ། རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47བཙུགས་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.226ཟིན་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་བཟུང་བ་དང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཀྲུང་གོ་ཚན་རིག་ཁང་གིས་ཁྱབ་བསྒྲགས་བྱས་པའི《བོད་ལྗོངས་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་ཚན་རིག་དཔྱད་དཔོག》གི་སྙན་ཞུའི་ནང་གསལ་བ་ལྟར་ན། བོད་ནི་སྔར་བཞིན་གོ་ལ་ཧྲིལ་པོའི་ཆེས་གཙང་ཤོས་ཀྱི་ས་ཆའི་གྲས་ཤིག་ཡིན་པས“འཛམ་གླིང་ཐོག་གི་དག་ཞིང་མཐའ་མ”ཞེས་པའི་མཚན་སྙན་ཐོབ་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཁ་གཏད་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་200ཙམ་བཀོད་སྒྲིག་བྱས་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལས་དུང་ཕྱུར་60མང་དུ་ཕྱིན་ཡོད་པ་དང་། དེ་དག་གཙོ་བོ་གཞི་རིམ་རྩ་འཛུགས་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་གཏོང་སོགས་དམངས་འཚོའི་ཁྱབ་ཁོངས་སུ་སྤྱད་དེ་རོགས་སྐྱོར་ཐོབ་ཡུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་དེ་བས་ལེགས་པའི་ངང་སྐུལ་འདེད་གཏོང་རྒྱུ་དང་། མི་འབོར་དབུལ་པོར་རྒྱུན་མཐུད་ཕན་པ་སྐྲུན་པ་དང་ཕུགས་ཕན་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།