ངག་དབང་ལྷུན་གྲུབ་ཀྱི་ཁེ་ལས་གཉེར་བའི་ཕུགས་འདུན།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-19 12:01:42

ངག་དབང་ལྷུན་གྲུབ་ནི་ནག་ཆུ་ས་ཁུལ་འབྲི་རུ་རྫོང་རླན་ཆུ་ཤང་ས་དམར་གྲོང་ཚོའི་འབྲོག་པ་ཞིག་རེད།

ཁོང་ལ་བུ་ཕྲུག་ལྔ་ཡོད་པ་ལས། རྒན་པ་ཅིན་ཀང་ཧྲན་སློབ་ཆེན་དང་། གཉིས་པ་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་། འབྲིང་བ་དང་ཆུང་བ་འབྲི་རུ་རྫོང་སློབ་ཆུང་གཉིས་པ་འགྲིམ་བཞིན་ཡོད་པ་རེད།

“བུ་ཆུང་ཤོས”ལོ་བདུན་ལས་ལ་སླེབས་ཙམ་ཡིན། མིང་ལ“ཀླུ་ཡུལ”ཟེར་བ་དེ་ནི་ཁྱད་ལྡན་ཐོན་རྫས་ཀྱི་ཞིང་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་ཞིག་ཡིན་པ་རེད།

དེ་ནི་ངག་དབང་ལྷུན་གྲུབ་ཀྱི་ནང་མི་ཚང་མའི་གཅེས་ནོར་ཡིན་པ་མ་ཟད། ད་དུང་འབྲི་རུ་རྫོང་གི་གྲོང་རྡལ་2དང་ཤང་8ཀྱི་དུད་ཚང་62ཀྱི་ཞིང་འབྲོག་པ་300ལྷག་ཙམ(དེ་དག་ལས་དུད་ཚང་13གྱི་ཞིང་འབྲོག་པ་43དབུལ་པོ་ཡིན་པ)གྱིས་རེ་བ་ཟབ་མོ་བཅོལ་ས་རེད།

དང་ཐོག་རྩམ་པ་ལས་སྣོན་ཁོ་ན་བྱེད་པ་ནས་ད་ཆ་ས་གནས་དེ་གའི་རང་བྱུང་ལྷད་མེད་སྐྱེ་ལྡན་ཐོན་རྫས་རིགས་20ལྷག་ཙམ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་། རྩམ་འཐག་འཕྲུལ་ཆས་ཀྱང་བཀོལ་སྤྱོད་བྱེད་མི་ཤེས་པ་ནས་ད་ཆ་དེང་རབས་ཅན་གྱི་བཟོ་ཁང་བརྒྱབ་སྟེ་ལས་སྣོན་གང་ལེགས་བྱེད་པའི་སྒྲིག་ཆས་ཆ་ཚང་ནང་འདྲེན་བྱེད་གྲབས་ཡོད་པའི་བར་འགྱུར་ལྡོག་བྱུང་ཡོད། དེའི་རིང་ངག་དབང་ལྷུན་གྲུབ་དང“ཀླུ་ཡུལ”གྱིས་འབད་འཐབ་རྒྱུན་འཁྱོངས་བྱས་ལ། ངག་དབང་ལྷུན་གྲུབ་དང“ཀླུ་ཡུལ”ལ་གོ་ནོར་ཐེབས་པ་དང་འཕྱ་དམོད་སོགས་བྱས་རུང་། ད་ཆ་གྲུབ་འབྲས་རགས་ཙམ་ཐོབ་ཡོད་པ་རེད།

ཞིང་འབྲོག་པའི་ལྟ་བར་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་ངག་དབང་ལྷུན་གྲུབ་ཀྱི་བརྩོན་སེམས་སྔར་བས་ཆེ་རུ་ཕྱིན་པ་རེད།

དཀའ་ངལ།

རླན་ཆུ་ཤང་དུ་བཅར་འདྲི་བྱེད་སྐབས། ས་གནས་དེ་གའི་ལས་བྱེད་མང་ཚོགས་ཀྱིས་དེ་ལྟར་བཤད་པ་རེད།

“མཐར་གཏུགས་ན་བློ་གཏད་ཆོག་པ་ནོར་ལུག་དང་རྩྭ་ར་རེད། ད་ཆ་དབྱར་རྩྭ་དགུན་འབུ་ཐོན་འབོར་ལོ་རེར་ཉུང་དུ་འགྲོ་བཞིན་ཡོད་པའི་ཁར་རིན་གོང་ཡང་ལོ་རེ་བཞིན་དམའ་རུ་འགྲོ་བཞིན་ཡོད་པས། དབྱར་རྩྭ་དགུན་འབུའི་ཡོང་འབབ་ཀྱིས་ནང་མི་ཚང་མའི་ལོ་གཅིག་གི་འཚོ་བའི་འགྲོ་གྲོན་ལས་འདང་གི་མི་འདུག” ང་ཚོ་འདི་གར་ཟླ་བ་གཅིག་ལ་དཀའ་ལས་བརྒྱབ། ཟླ་བ་གཉིས་ལ་རྒྱས་ཟ་རྒྱས་འཐུང་བྱས། ལོ་ཕྱེད་ཙམ་ལ་དབུལ་པོའི་སྡུག་བསྔལ་མྱོང་ཞེས་པའི་སྐད་ཆ་འདི་འདྲ་ཞིག་དར་ཁྱབ་ཆེ་ཞེས་ངག་དབང་ལྷུན་གྲུབ་ཀྱིས་གསར་འགོད་པར་བརྗོད་པ་རེད།

“དངོས་གནས་བཤད་ན། གལ་སྲིད་ནམ་ཞིག་ལ་དབྱར་རྩྭ་དགུན་འབུ་རིན་ཐང་མེད་པར་གྱུར་ཚེ། ང་ཚོའི་འཚོ་བ་སྐྱོ་པོ་ཆགས་རྒྱུ་རེད”ཅེས་ངག་དབང་ལྷུན་གྲུབ་ཀྱིས་ནན་ཏན་ངང་བརྗོད་པ་རེད།

“སྲིད་གཞུང་གིས་ང་ཚོར་ལྟོགས་ཤི་ཐེབས་སུ་འཇུག་གི་མ་རེད”“སྒུག་རྟེན་སློང་གསུམ”གྱི་བསམ་བློ་ཤུགས་ཆེ་བའི་མང་ཚོགས་ཁག་གཅིག་གིས་རྟག་པར“མ་མཐའི་འཚོ་བ་འགན་ལེན”དང“འགན་ལེན་ལྔ”སོགས་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལ་རེ་བ་རྒྱག་གི་ཡོད་པ་རེད།

དེ་སྔ“སྒུག་རྟེན་སློང་གསུམ”གྱི་འཚོ་བ་སྐྱེལ་ཤག་ཤག་བྱེད་པའི་སྣང་ཚུལ་མཐོང་སྐབས་ངག་དབང་ལྷུན་གྲུབ་ལ་སེམས་སྡུག་ཚད་མེད་སྐྱེ་གི་ཡོད་པ་རེད།

གོ་སྐབས།

དབྱར་རྩྭ་དགུན་འབུའི་རིན་གོང་ཆག་པ་ལས་མང་ཚོགས་ཁག་གཅིག་གི་དཔལ་འབྱོར་ཡོང་འབབ་ཉུང་དུ་ཕྱིན་པར་དམིགས་ནས། ངག་དབང་ལྷུན་གྲུབ་ཀྱིས་པ་ཕའི་སློབ་སྟོན་འོག་རྒྱུན་ཆད་མེད་པར་བསམ་གཞིག་དང་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད།

ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་བོད་བྱང་ཐང་གི་ས་མཐོའི་ས་བབ་ལེགས་ཆ་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་སྤུས་རྟགས་ཞིག་ཡིན་པ་མ་ཟད། “ལྗང་མདོག་དང་སྐྱེ་ལྡན”གྱི་ཁྲོམ་རའི་ལེགས་ཆ་ཐོག་མ་ཉིད་ནས་ལྡན་པས་དེ་ནི་ཐུན་མོང་མ་ཡིན་པའི་འགྲན་རྩོད་ཀྱི་ལེགས་ཆ་ཞིག་ཡིན་པ་ལོ་11གོང་ནས་ཤེས་ཡོད་པ་རེད།

དེར་བརྟེན་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ལོ་ཤས་བསྟུད་མར་རྒྱུན་ཆད་མེད་པར་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་པ་དང་། ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་འདུ་འཚོག་སྐབས་དང་པོ་གཉེར་ནས་དངོས་ཟོག་འཁོར་རྒྱུག་བྱེད་ཚད་མཐོ་རུ་བཏང་སྟེ་ནག་ཆུ་ས་ཁུལ་གྱི་ཐོན་ལས་དང་པོ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་རེད།

ངག་དབང་ལྷུན་གྲུབ་ཀྱིས་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་འདུ་ཚོགས་སྐབས་དང་པོའི་ཐོག་བོད་བྱང་ཐང་གི་སྣ་ཁ་ཀུན་འཛོམས་ཀྱི་ཞིང་འབྲོག་ཐོན་རྫས་ཕུད་ད་དུང་མཉམ་ལས་ཁང་ཞེས་པའི་ཡི་གེ་ཆེན་པོ་གསུམ་ཡང་མཐོང་ཡོད།

ཉེ་བའི་ལོ་ཤས་རིང་། གྲོང་གསེབ་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ནི་བོད་ཀྱི་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

ངག་དབང་ལྷུན་གྲུབ་ལ“རྩམ་པ་ལས་སྣོན་ཁང་ཞིག་འཛུགས་རྒྱུའི”བསམ་བློ་འཁོར་བ་རེད།

ཕྱུགས་འཚོས་ནས་འཚར་ལོངས་བྱུང་བའི་ངག་དབང་ལྷུན་གྲུབ་ཀྱིས་རྩམ་པ་འཐག་སྟངས་སྦྱོང་ཆེད་ལྷ་སའི་རྩམ་པ་ལས་སྣོན་བཟོ་གྲྭ་ཞིག་གི་ཉེ་འགྲམ་དུ་ཉིན་ཉི་ཤུ་བསྡད་པ་རེད།

“ང་ནི་རྫོང་ཡོངས་ནས་རྩམ་པ་ལས་སྣོན་བྱེད་མཁན་གཉིས་པ་ཡིན་ཡང་ཁྱད་ལྡན་ཡུལ་ཟོག་ལས་སྣོན་བྱེད་མཁན་དང་པོར་གྱུར་ཡོད”ཅེས་ངག་དབང་ལྷུན་གྲུབ་ཀྱིས་སྤོབས་པ་ཆེན་པོས་བརྗོད།

2010ལོར། ངག་དབང་ལྷུན་གྲུབ་ཀྱིས་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་ཡུལ་ཟོག་སྤུས་ལེགས་དག་བེད་སྤྱོད་གང་ལེགས་བྱས་ནས་ས་གནས་ཀྱི་སྤུས་རྟགས་བཏོད་པ་མ་ཟད། ས་གནས་ཀྱི་དཔལ་འབྱོར་ལ་ཡང་སྐུལ་ཁྲིད་བྱས་ནས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བའི་དམིགས་ཚད་ཕྱོགས་སུ་གོམ་ཞེང་ཆེན་པོས་བསྐྱོད་པ་རེད།

འཕེལ་རྒྱས།

“ཀླུ་ཡུལ་རྟགས་ཅན་གྱི་གནས་ཤོད་དྲི་ཞིམ་ཇ་ལོ་ནི་ང་ཚོའི་གྲོང་ཚོའི་ལོ་50ལྷག་ཙམ་སྨན་པ་བྱེད་མྱོང་བའི་བོད་ལུགས་སྨན་པ་རྡོ་བཀྲས་ཞིབ་བཟོ་བྱས་པ་ཞིག་ཡིན”ཞེས་ངག་དབང་ལྷུན་གྲུབ་ཀྱིས་ཐོན་རྫས་སྟོན་བཞིན་ངོ་སྤྲོད་བྱས།

“དྲི་ཞིམ་ཇ་ལོའི་མ་བཅོས་རྒྱུ་ཆའི་ནང་མང་ཆེ་བ་ནི་ནག་ཆུའི་རི་སྐྱེས་དབྱར་རྩྭ་དགུན་འབུ་དང་། སྙི་བ། ཁ་ཆེ་ཤ་སྐམ་སོགས་རི་སྐྱེས་རྩ་ཆེའི་རྩྭ་སྨན་རིགས་བཅུ་ལྷག་ཙམ་ཡིན་པ་དང་རོ་མངར་མོ་ཡོད་པ་དེས་གཟུགས་གཞིར་ཕན་པོ་ཡོད། ང་ཚོས་རི་སྐྱེས་བོད་སྨན་སྨན་རྩྭ་བཏུས་ནས་བོད་ལུགས་སྨན་པའི་ཆེད་ལས་སྦྱོར་རྟར་གཞིགས་ཏེ་མི་ཐབས་ལ་བརྟེན་ནས་བཟོ་གི་ཡོད” 2013ལོར“དྲི་ཞིམ་ཇ་ལོ”ཐོན་སྐྱེད་ཡག་པོ་ཐུབ་ཆེད། ཁྲོམ་རའི་གོང་ཚད་ལས་མཐོ་བ་སྤྲད་དེ་ཞིང་འབྲོག་པའི་ས་ནས་དབྱར་རྩྭ་དགུན་འབུ་དང་སྙི་བ་ཕུད་པའི་རི་སྐྱེས་སྨན་རྩྭ་གཞན་དག་ཉོ་གི་ཡོད་ཅེས་ངག་དབང་ལྷུན་གྲུབ་ཀྱིས་བཤད།

མཉམ་ལས་ཁང་ཐོག་མར་འཛུགས་སྐབས་ཁོངས་མི་5ལས་མེད་པ་དང་དུས་ཐུང་ལོ་7ནང་མི་300ལྷག་ཙམ་བར་མང་དུ་ཕྱིན་པ་མ་ཟད། དུད་ཚང་དབུལ་པོ་13དང་མི་30ལྷག་ཙམ་ཐུན་མོང་ཐོག་ཕྱུག་འགྱུར་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

“ད་ཆ་ང་ཚོར་ཟླ་རེར་གླ་ཆ་སྒོར་2000ཡོད་པའི་ཁར་མ་རྐང་ནང་ཞུགས་པའི་འབྲོག་དུད་ཚང་མར་ཁེ་སྤོགས་སྒོར་ཁྲི་2ཡོད”ཐོབ་ཆ་མང་པོ་ཡོད་པ་མཐོང་སྐབས་ཉེ་འགྲམ་གྱི་ཞིང་འབྲོག་པ་ཚོ་རང་འགུལ་ངང་མཉམ་ལས་ཁང་ནང་ཞུགས་འགོ་ཚུགས་ཡོད་ཅེས་ངག་དབང་ལྷུན་གྲུབ་ཀྱིས་བཤད།

དད་སེམས།

མཉམ་ལས་ཁང་ལ་བཟོ་གྲྭ་དང་། དེང་རབས་ཅན་གྱི་ལས་སྣོན་སྒྲིག་ཆས། ཞིབ་དཔྱད་སྒྲིག་ཆས། ལག་རྩལ་མི་སྣ། དུག་སེལ་ཁང་ལ་སོགས་མེད་སྟབས། གངས་ལྗོངས་ས་མཐོའི་རང་བྱུང་གི་སྦགས་བཙོག་མེད་པའི་ལྗང་མདོག་ཐོན་རྫས་རྒྱལ་ཡོངས་ས་གནས་ཁག་གི་སྒོ་རྩིས་ཚོང་ཁང་ཁག་ཏུ་འདོན་པའི་ཕུགས་བསམ་དང་དངོས་ཡོད་དབར་འགལ་ཟླ་བྱུང་བས་ངག་དབང་ལྷུན་གྲུབ་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད།

“རྟོག་ཞིབ་བྱས་པ་བརྒྱུད། ཁྱེད་ཚོའི་མཉམ་ལས་ཁང་གིས་དཔེ་བཟང་སྣེ་ཁྲིད་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་འདུག”ཅེས་ངག་དབང་ལྷུན་གྲུབ་ཀྱི་མཉམ་ལས་ཁང་ལ་ས་ཁུལ་ཞིང་འབྲོག་ཅུས་ཀྱི་ཁས་ལེན་ཐོབ་ཡོད། མཉམ་ལས་ཁང་གི་ཞན་ཆ་ཤེས་རྟོགས་དང་འཕེལ་རྒྱས་བསམ་ཕྱོགས་གསལ་པོ་བཟོས་རྗེས་ཀྲེ་ཅང་བོད་སྐྱོར་ལས་བྱེད་པ་ནག་ཆུ་ས་ཁུལ་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲན་ཅིན་རུང་གིས་མཉམ་ལས་ཁང་སྔར་བས་ཚད་ལྡན་ཅན་དང་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་རྒྱུའི་ཐག་བཅད།

“ལྷག་པར་དུ་ན་ནིང་ས་ཁུལ་ཞིང་འབྲོག་ཅུས་ཀྱི་རོགས་རམ་འོག་ཀྲེ་ཅང་གི་ཞིང་ལས་དངོས་མང་སྟོན་ཚོགས་ནང་ཞུགས་རྗེས་འདི་ལོའི་མ་རྐང་ནང་ཞུགས་པ་དང་མཉམ་ལས་ཁང་ནང་ཞུགས་མཁན་ཇེ་མང་དུ་སོང་ཡོད། མང་ཚོགས་ཚོའི‘སྒུག་རྟེན་སློང་གསུམ’གྱི་ལྟ་བར་ཟམ་མི་ཆད་པར་འགྱུར་ལྡོག་འགྲོ་བཞིན་འདུག”ཅེས་ངག་དབང་ལྷུན་གྲུབ་ཀྱིས་དགའ་སྤྲོའི་ངང་བཤད།

“སྐྱེ་ལྡན་ཟས་རིགས་ཀྱི་ཁས་ལེན་ཐོབ་རྒྱུའི་ཡིད་ཆེས་ཡོད། ང་ཚོའི་ཐོན་རྫས་བོད་དང་ཐ་ན་རྒྱལ་ཡོངས་ཀྱི་གྲགས་ཅན་སྤུས་རྟགས་ཆགས་པར་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་རང་ཁྱིམ་གྱི་སྒོ་ཁའི་སྒོ་རྩིས་ཚོང་ཁང་དུ་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་ཞིང་འབྲོག་པའི་རང་བྱུང་ལྷད་མེད་བདེ་འཇགས་བཟའ་བཅའ་ཟ་རྒྱུ་ཡོང་བ་བྱ་རྒྱུ་དང་། ཞིང་འབྲོག་པ་དངོས་སུ་ཕྱུག་འགྱུར་ཐུབ་པ་བྱས་ནས་ཐུན་མོང་ཐོག་འབྱོར་འབྲིང་སྤྱི་ཚོགས་ལ་ཕྱོགས་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་སྐྱོད་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན”མཉམ་ལས་ཁང་ལ་དང་ཐོག་ཡོང་འབབ་མེད་རུང་ད་ཆ་ཆ་སྙོམས་ལོ་རེར་ཡོང་འབབ་སྒོར་ཁྲི་300ཡས་མས་ཟིན་གྱི་ཡོད་པས་ངག་དབང་ལྷུན་གྲུབ་ལ་ཡིད་ཆེས་ཆེན་པོ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།