ལྗོངས་ཡོངས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་སྐོར་གྱི་སྒྲིལ་གླེང་དང་པོ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-19 12:01:41

འདི་ལོའི་ཟླ་3པ་ནས་བཟུང་། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་སུ“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་ས་ཁུལ་དང་སྡེ་ཚན་ཁག་གིས《སྤྱིའི་ཇུས་གཞི》དང《སྒྲོག་འགྲེལ་རྩ་གནད》ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཁྱོན་ཡོངས་ལ་ཁྱབ་པ་དང་། རྒྱུན་རྣམ་ཅན། གསར་གཏོད་ལ་སྣང་ཆེན། དངོས་ཕན་དོན་གཉེར་བཅས་ཀྱིས་སློབ་གསོ་ལག་ལེན་བྱེད་སྒོ་གྲོང་གསེབ་དང་། སྡེ་ཁུལ། སློབ་གྲྭ སློབ་ཁང་། ཁྱིམ་ཚང་། ཁེ་ལས། དགོན་སྡེ། གྲྭ་ཤག་བཅས་སུ་སྤེལ་རྒྱུར་སྐུལ་སྤེལ་བཏང་ཐོག རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་། ན་གཞོན་སློབ་མ། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ། དགོན་སྡེའི་གྲྭ་བཙུན་བཅས་ལ་ཁྱོན་ཡོངས་ནས་བསམ་བློར་ཉམས་སད་ཐེངས་གཅིག་ཐེབས་པ་དང་སྲོག་ཤིང་གི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་། བཀའ་དྲིན་དྲན་པའི་འདུ་ཤེས་ཟབ་ཏུ་མངོན་གསལ་དོད་དུ་ཕྱིན་པ། མི་རིགས་མཐུན་སྒྲིལ་དེ་བས་འཆམ་མཐུན་བྱུང་བ། བརྟན་ལྷིང་གི་རྨང་གཞི་ནུས་ལྡན་ངང་བརྟན་དུ་ཕྱིན་པ། དབུལ་སྒྲོལ་ཐུབ་པའི་ཡིད་ཆེས་ཇེ་བརྟན་དུ་སོང་བ། རང་རྟོགས་ངང་གོམས་སྲོལ་ངན་པ་སྒྱུར་བ་བཅས་བྱས་ནས། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་བྱ་ཕྱིར། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱིས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུས་ཏེ། བསམ་བློའི་ཐུན་མོང་ངོས་འཛིན་གཅིག་གྱུར་དང་འཛད་མཐའ་བྲལ་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་རེད།

བརྗོད་དོན་གཙོ་བོའི་གཙོ་རྐང་འབུར་དུ་ཐོན་པར་བྱས་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་གྲོང་མི་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་སྐལ་བཟང་སྒྲོལ་དཀར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་མཇལ་འཕྲད་ཐེངས་གསུམ་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་དོན་ཆེན་སླད་དུ་སྐུ་ལས་བསྐྱོན་པ་དང་ཐུགས་སུ་མང་ཚོགས་བཞག་གནང་གི་ཡོད་པས། ང་ཚོས་སྙིང་དབུས་ནས་སྲོག་ཤིང་དེ་ལ་བརྩི་བཀུར་ཞུ་གི་ཡོད། ད་ཆ་གྲོང་ཚོའི་མང་ཚོགས་ཚང་མས་ས་ཞིང་འདེབས་པར་ཁྲལ་འཇལ་མི་དགོས་པ་དང་། སློབ་ཡོན་སྤྲོད་མི་དགོས་པ། སྨན་རིན་སྤྲོད་མི་དགོས་པ། རྒས་དུས་གསོ་རྟེན་ཡོད་པ། སྡོད་ཁང་ཆ་རྐྱེན་གྲོང་ཁྱེར་ལས་ཡག་པ་བཅས་ཡོད་པས། སེམས་གཏིང་ནས་སྤོབས་པ་སྐྱེ་གི་འདུག་ལ། ང་ཚོས་སེམས་དབུས་ནས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་གི་ཡོད་ཅེས་བརྗོད།

བོད་ནི་མཐའ་མཚམས་མི་རིགས་ས་ཁུལ་ཡིན་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་ས་མདུན་མ་ཡིན་པས། འགལ་ཟླ་གཙོ་བོ་དང་དམིགས་བསལ་གྱི་འགལ་ཟླ་མཉམ་དུ་གནས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་བལྟས་ན། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམིགས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་བཀའ་དྲིན་འཇལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་ནི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཡུན་རིང་གི་ཐབས་ཤེས་དང་རྨང་གཞི་བརྟན་དུ་གཏོང་བའི་བྱ་ཐབས་ཤིག་རེད།

འདི་ལོའི་ཟླ་གསུམ་པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གཙོ་སྐྱོང་གནང་བའི་ལྗོངས་ཏང་ཨུད་རྒྱུན་ཨུད་ཀྱི་ཚོགས་འདུའི་ཐོག “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ཞིབ་འཇུག་བཀོད་སྒྲིག་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས《“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་སྤྱིའི་ཇུས་གཞི》པར་འགྲེམས་བྱས་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཕྱིར། རང་སྐྱོང་ལྗོངས་ཀྱིས་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་གཞུང་དོན་ཁང་བཙུགས་ཏེ། རྩེ་རིམ་འཆར་འགོད་ལ་ཤུགས་སྣོན་གྱིས་སྤྱི་འདོམས་དང་། འཆར་འགོད། མཛུབ་སྟོན་བཅས་བྱས་པ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཉིན་རེའི་ལས་ཀའི་གྲོས་རིམ་གལ་ཆེན་དང་སྤྱིའི་ལས་དོན་ནང་བཅུག་ནས་གྲོང་ཁྱེར་དང་ས་ཁུལ་དང་། རྫོང(ཆུས) ཤང་གྲོང་བཅས་ཏང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་རེད། ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་ཤང་གྲོང་703གྱི་སྲིད་འཛིན་གྲོང་ཚོ་5748དང་། སློབ་གྲྭ་1984 དགོན་སྡེ་1787 གཞུང་ཁོངས་ཁེ་ལས་55བཅས་ཚང་མར་ཆེད་དོན་གཞུང་དོན་ཁང་དང་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ཏེ་རིམ་པ་བཞིན་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་པ་རེད།

གཅིག་སྡུད་སྒྲོག་འགྲེལ་སློབ་གསོ་ཡག་པོ་གཉེར་ཕྱིར། རང་སྐྱོང་ལྗོངས་ཀྱིས་རྐང་འཛིན་པར་གསོ་སྦྱོང་དང་། དཔེ་མཚོན་སྒྲོག་འགྲེལ། ས་གནས་ས་ཐོག་གི་མཛུབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་260ལ་གཅིག་སྡུད་གསོ་སྦྱོང་བྱས་ནས་རིམ་རྩིས་བྱས་ན《སྒྲོག་འགྲེལ་རྩ་གནད》85000སྤྲད་པ་རེད།

བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་མྱོང་ཚོར་སྐོར་གླེང་སྐབས། སྒར་རྫོང་གུ་རུ་གྱམ་དགོན་པའི་དགེ་འདུན་པ་བཀྲ་ཤིས་བསྟན་འཛིན་གྱིས། རྫོང་ཆོས་ལུགས་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་དྲིལ་བསྒྲགས་ནང་དོན་དོན་དངོས་དང་ཧ་ཅང་འཚམ་པོ་འདུག་པས་སློབ་གསོ་ཟབ་མོ་ཐེབས་བྱུང་། ང་ཚོས་ད་ལྟའི་དུས་རབས་ཡག་པོ་འདི་ལྟ་བུར་འཚོ་བ་སྐྱེལ་བར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དངོས་འབྲེལ་ཚོར་གྱི་འདུག དེ་བས་རང་ཉིད་ཀྱི་བློ་སྦྱོང་བྱང་ཚད་མཐོ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་རང་རྟོགས་ངང་དབྱེ་མཚམས་གསལ་པོར་འབྱེད་པ་བཅས་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་དགེ་འདུན་པ་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

རིགས་དབྱེའི་སློབ་གསོ་འབུར་དུ་ཐོན་པར་བྱས་ནས་གནས་ལུགས་གསལ་པོར་བཤད་པ།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཡུལ་གཙོ་བོ་ནི། ཞིང་འབྲོག་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ། དགོན་སྡེའི་གྲྭ་བཙུན་བཅས་ཡིན་ལ། སློབ་གསོ་གཏོང་ཡུལ་མི་འདྲ་བ་དང་རིག་གནས་ཆུ་ཚད་མི་འདྲ་བའི་དབང་གིས་ངེས་པར་དུ་མི་རེ་རེ་བཞིན་རིགས་དབྱེ་ནས་སློབ་གསོ་གཏོང་དགོས།

ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བསམ་བློར་སྐུལ་སློང་བྱ་རྒྱུ་ནས་དམ་འཛིན་བྱས་ཏེ། དྲིལ་བསྒྲགས་དཔུང་ཁག་གིས་རིགས་དབྱེ་ནས་སློབ་གསོ་གཏོང་རྒྱུ་དང་ཁག་བགོས་ནས་རེས་སྐོར་གསོ་སྦྱོང་བྱ་རྒྱུ་ཟུང་འབྲེལ་བྱས་ཐོག་གཅིག་སྡུད་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། བཞུགས་མོལ་ཚོགས་འདུ། པར་རིས་འགྲེམས་སྟོན། གློག་བརྙན་སྟོན་པ་སོགས་ཀྱི་རྣམ་པའི་ཐོག་ནས། རིགས་གཅིག་མཁས་ཅན་གྱིས་གཞུང་ལུགས་ཁྲིད་པ་དང་། ལས་བྱེད་པས་སྲིད་ཇུས་ཁྲིད་པ། སྒྲོག་འགྲེལ་པས་ཉེ་འགྲམ་གྱི་གཏམ་རྒྱུད་ཤོད་པ། མང་ཚོགས་ཀྱིས་འགྱུར་ལྡོག་ཤོད་པ་བཅས་བྱས་པས་སློབ་གསོ་གཏོང་དགོས་པ་ཚང་མར་སློབ་གསོ་ཐེབས་པ་དང་། བྱེད་སྟངས་མང་ཚོགས་དང་འབྲེལ་འདྲིས། ནང་དོན་གནད་དུ་འཁེལ་བ་བཅས་བྱུང་ཡོད་པ་རེད།

སྣེ་གདོང་ཆུས་སྐྱེད་པ་ཤང་སྟར་ཤིང་གྲོང་ཚོ་ནི་ཉེ་བའི་ལོ་ཤས་རིང་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་དབུལ་སྒྲོལ་ཐུབ་པའི་འབྱོར་ཕྱུག་གྲོང་ཚོ་ཞིག་ཡིན། “ན་ནིང་། ང་ཚོའི་གྲོང་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.74ཟིན་ནས་ཚང་མའི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་སོང་། ད་ཆ་བུ་ཕྲུག་སློབ་གྲྭར་སྐྱོད་པར‘འགན་ལེན་གསུམ’དང་། ས་ཞིང་འདེབས་པར‘འབྲུ་རིགས་ཁ་གསབ’ སྨན་བཅོས་བྱེད་པར་སྨན་བཅོས་འགན་ལེན་སོགས་ཀྱི་སྲིད་ཇུས་བཟང་པོ་ཡོད”ཅེས་གྲོང་ཚོ་དེའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་རྡོ་རྗེས་བཤད་མ་ཐག་ཐལ་མོ་རྡེབ་སྒྲ་ལྡིར་ལྡིར་དུ་གྲགས་པ་རེད།

འདི་ལྟ་བུའི་སྒྲོག་འགྲེལ་བྱེད་སྒོ་ལྗོངས་ཡོངས་སུ་གྲངས་ལས་འདས་པ་སྤེལ་བ་རེད།

ཟླ་དགུ་པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་སྒྲོག་འགྲེལ་བྱེད་སྒོ་ཐེངས་ཁྲི་4.5སྤེལ་བར་སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་ཁྲི་430ཟིན་ཡོད་པ་དང་། སློབ་གྲྭ་ཁག་གིས་སྒྲོག་འགྲེལ་བྱེད་སྒོ་ཐེངས་ཁྲི་1.2སྤེལ་བར་དགེ་སློབ་ཡོངས་ལ་སློབ་གསོ་ཐེབས་པ། ཆོས་ལུགས་ཁོངས་གཏོགས་ཀྱིས་དགོན་སྡེའི་གྲྭ་བཙུན་ཁྲོད་སྒྲོག་འགྲེལ་བྱེད་སྒོ་ཐེངས་ཁྲི་2.2སྤེལ་བར་གྲྭ་བཙུན་ཞུགས་ཚད་མི་ཐེངས་ཁྲི་38ཟིན་པ། རང་སྐྱོང་ལྗོངས་གཞུང་རྒྱུ་ཨུ་ལྷན་གྱིས་གཞུང་ཁོངས་ཁེ་ལས་ཁག་ཏུ་སྒྲོག་འགྲེལ་དང་གསོ་སྦྱོང་ཐེངས་58བྱས་པར་ལས་བཟོ་མི་ཐེངས་2400ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་འབུར་དུ་ཐོན་པ་བྱས་ནས་ཕན་འབྲས་དོན་གཉེར་བྱས་པ།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་ཕན་འབྲས་ཐོན་པར་བྱས་ནས་ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་ཁྱད་བསད་བྱ་ཆེད། རིམ་ཁག“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གཞུང་དོན་ཁང་གིས་རིམ་དབྱེའི་ལག་བསྟར་དང་ལས་བགོས་འགན་འཁུར་གྱི་རྩ་དོན་ལྟར་ཚད་གཞི་མཐའ་འཁྱོངས་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་རིམ་པ་བཞིན་ལག་བསྟར་དང་རིམ་པ་བཞིན་འགན་འཁྲི་འཁུར་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཐོག་མར་སྤེལ་སྐབས། རང་སྐྱོང་ལྗོངས་ཏང་ཨུད་ལྟ་སྐུལ་མཛུབ་ཁྲིད་ཚོཌ་ཆུང་གི་ཉིན་རེའི་ལས་ཀའི་གྲོས་རིམ་ནང་བཅུག་སྟེ་རིམ་ཁག་ཏང་རྩ་འཛུཌ་ཀྱི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲི་དཔྱད་ཞིབ་ཀྱི་ནང་དོན་གཙོ་བོར་བརྩིས་པ་དང་། རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གཞུང་དོན་ཁང་གིས་ལྟ་སྐུལ་མཛུབ་ཁྲིད་དང་འབྲེལ་གཏུག་ཚོགས་ཆུང་10བཙུགས་ནས་གྲོང་ཁྱེར་དང་ས་ཁུལ་བདུན་དང་། སློབ་གསོའི་ཁོངས་གཏོགས། ཆོས་ལུགས་ཁོངས་གཏོགས། གཞུང་རྒྱུ་ཨུ་ལྷན་གྱི་ཁོངས་གཏོགས་བཅས་ཀྱི་བྱེད་སྒོ་སྤེལ་ཚུལ་ལ་སོ་སོར་ཞིབ་བཤེར་བྱས་པ་རེད། གྲོང་ཁྱེར་དང་ས་ཁུལ་དང་རྫོང(ཆུས)ཁག་དང་། སྡེ་ཚན་ཁག་གིས་གཏོགས་ཁོངས་དོ་དམ་ལྟར་ལྟ་སྐུལ་མཛུབ་ཁྲིད་འགན་འཁྲི་དོན་འཁྱོལ་བྱས་པ་རེད། རང་སྐྱོང་ལྗོངས་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་། ལྗོངས་ཏང་ཨུད་འཐབ་ཕྱོཌ་གཅིག་གྱུར་པུའུ། ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་བཅས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་དེ་ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་ལ་སྐོར་སྐྱོད་ཞིབ་བཤེར་དང་སློབ་གྲྭའི་ཀུན་སྤྱོད་དགེ་རྒན་གྱི་ལས་ཀར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་པ་རེད།

ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་གིས་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱས་པ། རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་དོན་ཁང་གིས་དུས་རྒྱུན་གྱི་ལྟ་སྐུལ་མཛུབ་ཁྲིད་བྱེད་འགན་འཁུར་བ་དང་། ཁ་པར་ཐོག་ནས་འདྲི་རྩད་བྱེད་པ། དཔྱད་གཞིར་ལྟ་བ། ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱེད་པ། མང་ཚོགས་ལ་བཅར་འདྲི་བྱེད་པ། ས་གནས་ས་ཐོག་གི་བརྙན་ཕབ་དཔྱད་གཞི་གོང་རིམ་ལ་འབུལ་བ་སོགས་ཀྱི་བྱེད་སྟངས་ཐོག་ནས་གཟའ་འཁོར་རེར་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཐེངས་གཅིག་སྤེལ་བ་མ་ཟད། གྲོང་ཁྱེར་དང་ས་ཁུལ་དུ་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཐེངས་110སྤེལ་བ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཔྱད་གཞིར་ལྟ་བ་དང་། མངོན་ཞིབ་ལྐོག་བཤེར་བྱེད་པ། འཐེན་བཤེར་བྱེད་པ། སྙན་ཞུ་ཉན་པ་སོགས་ཀྱི་བྱེད་སྟངས་ཐོག་ནས་སྐུལ་སློང་བཀོད་སྒྲིག་དང་། ཇུས་གཞི་བཟོ་བ། སྒྲིག་གཞི་སྒྲིག་འཛུགས་བྱེད་པ། འགན་འཁྲི་དོན་འཁྱོལ་བྱེད་པ། རྣམ་པ་གཏོད་པ། སློབ་སྦྱོང་དཔྱད་གཞི་གྲ་སྒྲིག སྒྲོག་འགྲེལ་བཀོད་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ལེབ་བཤེར་རྣམ་པའི་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་དག་ཐེར་བསམ་འཆར་2000ལྷག་ཙམ་བཏོན་པ་རེད།

གཞུ་རྒྱུད་བཟང་ན་མདའ་མོ་སྐྱེན། རླུང་གཡོར་བཟང་ན་གྲུ་གཟིངས་མགྱོགས་ཞེས་པ་ལྟར། མིའི་སྟོབས་ཤུགས་སེམས་ལ་ཐུག་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བས་མི་སེམས་སྔར་བས་གཅིག་སྒྲིལ་དང་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད། དེར་བརྟེན། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།