ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སྐོར་ལ་བསམ་འཆར་བསྡུ་ལེན་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-17 12:19:17

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་སྐོར་ལ་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་ཀྱི་འགོ་ཁྲིད་མི་སྣ་དང་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་དམིགས་ཚད་གསར་པ་དང་རྒྱང་སྐྱོད་གསར་པར་ཁ་ཕྱོགས་སྐབས། ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་ཁག་གིས་མཉམ་ལས་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པ་དང་། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་བརྟན་དུ་དང་འཕེལ་རྒྱས་གཏོང་བ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རིམ་པ་ཁག་དང་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྤྱི་ཚོགས་ཡོངས་དང་མི་རིགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཡུས་ཀྲེང་ཧྲེང་དང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་གྱི་གྲུབ་ཚུལ་ངོ་སྤྲོད་གནང་བ་མ་ཟད། ཏང་ཕྱིའི་མི་སྣས་གཏམ་བཤད་ལྷུག་པོར་བྱས་པ་དང་ཚང་མས་རང་རང་གི་བསམ་ཚུལ་བརྗོད་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་བསམ་འཆར་བསྡུ་ལེན་མ་ཟིན་ལ་བསམ་འཆར་འདོན་རྒྱུའི་ཐུགས་རེ་གནང་བ་རེད།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨེ་ཤང་དང་། དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲང་པའོ་ཝུན། ཀྲུང་གོའི་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཁྲང་ཀྲེ། དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཡན་ཅུན་ཆི། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏེ། ཐའེ་དབན་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ལིན་ཝུན་དབྱི། རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཆིན་མིན། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཀུའོ་ལུའེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།

ཁོང་ཚོས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་དེང་གི་འཛམ་གླིང་དང་དེང་སྐབས་ཀྲུང་གོའི་འཕེལ་རྒྱས་ཀྱི་དུས་བབ་ཆེན་པོ་ཁོང་དུ་ཡང་དག་ཆུད་པ་བྱས་པ་དང་ཆབས་ཅིག ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་ཁུར་ཕོད་པའི་བསམ་པའི་ཐོག་ནས་དར་ཆ་གསལ་སྟོན་དང་ཐབས་དང་ཇུས་འདིང་བ་དང་། དཀའ་ངལ་ལ་མ་འཛེམ་པར་མདུན་སྐྱོད་དང་གསར་འབྱེད་ཡར་བརྩོན་བྱས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་བའི་ངོས་འཛིན་བྱས་པ་རེད།

ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དེ་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཚུལ་དང་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། བརྡར་གཅོད་གལ་ཆེན། བྱ་ཐབས་གལ་ཆེན་བཅས་རབ་དང་རིམ་པ་བཏོན་ཚུལ་རྒྱས་བཤད་གཏིང་ཟབ་བྱས་ཡོད། ཚོགས་ཞུགས་བློ་མཐུན་ཚོས་གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་མ་ལག་རང་བཞིན་གྱི་ཁོར་ཡུག་བསྐྲུན་རྒྱུར་སྣང་ཆེན་བྱེད་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་དེ་བས་འདྲ་མཉམ་དང་གཞུང་དྲང་གི་ཁྲིམས་སྐྱོང་ཁོར་ཡུག་བསྐྲུན་པ། ཏང་ཕྱིའི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། དབང་ཆ་འཁོར་རྒྱུག་གི་ཚོད་འཛིན་དང་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དང་སྣོད་བཅུད་འཛུགས་སྐྱོང་ལ་སྤྱི་འདོམས་འཆར་འགོད་བྱེད་པ། ལོ་ཆུང་བྱིས་པའི་ཕྱོགས་བསྡུས་བྱང་ཚད་མཐོར་གཏོང་ལ་སྣང་ཆེན་བྱེད་པ། བདེ་ཐང་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་སྒྱུར་བཅོས་ལ་སྤྱི་འདོམས་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་གནད་དོན་ལ་དམིགས་ཏེ་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དམངས་གཙོའི་ཏང་ཤོག་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་ཉེ་བའི་ཏང་གྲོགས་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ཐད་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་བསམ་འཆར་ཉན་རྒྱུ་ནི་ཡུན་རིང་ནང་ཆགས་པའི་གོམས་སྲོལ་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་མངོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་འཆར་ཟིན་འགོད་པའི་ལས་དོན་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་གྲ་སྒྲིག་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གུང་ཀྲུང་དབྱང་གིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། འཆར་ཟིན་འགོད་པའི་ལས་དོན་འགོ་ཚུགས་མ་ཐག་ང་ཚོས་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་འདུས་པ་དང་། མི་དམངས་ཀྱི་འདུན་པ་དང་མཐུན་པ། རང་རྒྱལ་གྱི་འཕེལ་རྒྱས་ལ་ཁྲིད་སྟོན་གྱི་ནུས་པ་གལ་ཆེན་ལྡན་པ། རྒྱལ་སྤྱིའི་སྤྱི་ཚོགས་ནང་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐོན་པ་བཅས་ཀྱི་སྙན་སྒྲོན་ཞིག་ཧུར་ཐག་བཟོ་དགོས། དམིགས་ཡུལ་དེ་འགྲུབ་ཆེད། ང་ཚོས་སྙན་སྒྲོན་གྱི་འཆར་ཟིན་འགོད་པའི་བརྒྱུད་རིམ་ནང་དམངས་གཙོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། བསམ་འཆར་རྒྱ་ཁྱབ་ངང་ཉན་པ་བཅས་བྱས་ཏེ་འབད་བརྩོན་ལྷོད་མེད་ཀྱིས་ཕྱོགས་ཁག་གི་བློ་གྲོས་གཅིག་ཏུ་འདུས་དགོས་པའི་ནན་བཤད་བྱས་ཡོད། དེ་རིང་ཚང་མས་བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་བཏོན་སོང་། དེས་སྙན་སྒྲོན་ལ་བཟོ་བཅོས་རྒྱག་རྒྱུར་ཕན་པ་ཆེན་པོ་ཡོད། ང་ཚོས་ཚང་མས་བཏོན་པའི་བསམ་འཆར་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་བཟོ་བཅོས་རྒྱག་སྐབས་བསྡུ་ལེན་གང་མང་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཕྱོགས་གལ་ཆེན་ཞིག་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་བཏང་ནས་དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུ་དེ་རེད། དེས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་ནུས་པ་ཆེ་རུ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་གལ་འགངས་ཧ་ཅང་ཆེ་བའི་ནུས་པ་ཐོན་གྱི་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ལ་རང་འགུལ་ངང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་སོ་སོའི་ཁོངས་མི་དང་འབྲེལ་གཏུགས་བྱ་ཡུལ་གྱི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ངོས་འཛིན་གང་ལེགས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་ཆགས་པར་བྱེད་པ། རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་དབྱེ་ཞིབ་ཡང་དག་བཅས་བྱས་ཏེ་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་པས། རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་ཡང་དག་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་ནང་འཕྲད་པའི་དཀའ་ངལ་དང་གནད་དོན་ཁོང་དུ་ཡང་དག་ཆུད་པ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་པ། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་རྒྱུ་བཅས་མངོན་གསལ་དོད་དུ་གཏོང་བ། གཞི་རིམ་ལ་ཉེ་བཅར་དང་ལག་ལེན་གཏིང་ཟབ་བསྟར་བ། དགོས་མཁོ་དང་ཐབས་ཇུས་དམངས་ལ་འདྲི་བ། ལྟ་བ་ཡང་དག་འདོན་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེགས་ཐུབ་པ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།