གངས་ལྗོངས་ས་མཐོའི་གང་སར་བདེ་སྐྱིད་མེ་ཏོག་རབ་ཏུ་བཞད།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-11 11:29:42

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་གནས་བབ་གལ་ཆེན་ཁྲོད་བཞག་ནས“ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་བོད་ཀྱི་ལས་ཀའི་རྩ་དོན་གལ་ཆེན་བཏོན་གནང་ཡོད། ལོ་ལྔའི་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི་ཐོག་ནས་ཏང་གི་མཐའ་སྐྱོང་བོད་བརྟན་མཛད་ཇུས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ལ་ཚན་རིག་དང་མཐུན་པའི་སྟངས་འཛིན་གནང་ཁར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབད་བརྩོན་ལྷོད་མེད་ལ་བརྟེན་ནས་གངས་ལྗོངས་ས་མཐོར་འཕེལ་རྒྱས་དང་བརྟན་ལྷིང་གི་འོད་སྟོང་འཕྲོ་བའི་རྣམ་པ་གསར་པ་ཞིག་བཏོད་ཡོད་པ་རེད།

འཕེལ་རྒྱས་ནི་ལྡོག་མེད་ཀྱི་གནས་ལུགས་ཞིག་དང་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཞིག་ཡིན་པ་དང་། ཁྲོན་བོད་ལྕཌ་ལམ་སྔ་སྣུར་དུ་སྐྲུན་འགོ་བཙུགས་པ་དང་མེ་ཏོག་ཏུ་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ།

ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས“བོད་ཀྱི་ཆུ་བཟང”སྤུས་རྟགས་མངོན་གསལ་དོད་དུ་ཕྱིན་པ། ནོར་ཤུགས་70%ཡན་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ནས་དམངས་འཚོའི་ཐད་ཀྱི“བྱ་བ་དངོས་ཁག་བཅུ”མུ་མཐུད་ཡག་པོ་བསྒྲུབས་པ་སོགས་འཕེལ་རྒྱས་མགྱོགས་པ་དང་། འགྱུར་ལྡོག་ཆེ་བ། དངོས་ཕན་མང་བ་བཅས་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པ་རེད།

ན་ནིང་ལོ་མཇུག་ཏུ་ཟམ་སྐྲུན་འཕྲུལ་ཆས་ཀྱི་ལྡིར་སྒྲའི་ཁྲོད་ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་དུམ་བུ་བར་གྱི་མེའོ་ཙི་ལུང་ཤུར་ཟམ་ཆེན་གྱི“གདུང་མ་དང་པོ”དེ་ལེགས་པར་བཙུགས་པ་དེ་ཐོག་ནས་རིང་ཚད་ལ་ཁྱོན་སྤྱི་ལེ་1629ཡོད་པའི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཁྲོན་བོད་ལྕགས་ལམ་དངོས་སུ་ཟམ་སྐྲུན་གྱི་ཨར་ལས་དུས་མཚམས་སུ་སླེབས་པ་མཚོན་ཡོད། ཁྲོན་བོད་ལྕགས་ལམ་བསྐྲུན་ཟིན་རྗེས་ཁྲེང་ཏུའུ་ནས་ལྷ་ས་བར་ཆུ་ཚོད་48འགོར་བ་ནས་ཆུ་ཚོད་13བར་ཐུང་དུ་འགྲོ་རྒྱུ་མ་ཟད། “བོད་མིའི་འབྱུང་ཁུངས་ཡར་ཀླུང”ལྷོ་ཁ་དང“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཉིང་ཁྲི་སོགས་སུའང་དུས་གཅིག་ཏུ་གསོན་ཤུགས་གསར་པ་རྒྱས་ངེས་རེད།

ལོ་ཤས་གོང་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་ད་དུང“རྒྱལ་ཡོངས་ནས་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་འབའ་ཞིག”ཡིན་པའི་ཞྭ་མོ་དེ་གྱོན་ཡོད། 2013ལོའི་ཟླ་10ཚེས་30ཉིན་མེ་ཏོག་གི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་རེད།

ལོ་24ལ་སླེབས་པའི་བསམ་སྐྱིད་མཚོ་མོས་ཉིན་ལྟར་མེ་ཏོག་གི་ཞོགས་ཁྲོམ་དུ་ཇིན་ཚལ་དང་། ཨོ་སུན། བསོད་ནམས་དཔལ་འཛོམས་སོགས་སྔོ་ཚལ་སོས་པ་འཚོང་གི་ཡོད། “གཞུང་ལམ་ཤར་གཏོང་ཐུབ་རྗེས་དེ་གར་ཡོང་མཁན་དེ་སྔ་ལས་ཇེ་མང་དུ་ཕྱིན་ནས་ཉིན་ལྟར་ཡོང་འབབ་མང་པོ་རག་གི་འདུག”ད་ཆ་མེ་ཏོག་གི་ཞོགས་ཁྲོམ་དུ་ཚོང་རྒྱག་མཁན་ས་གནས་དེ་གའི་མི་ཡོད་ལ་ད་དུང་དེ་གར་གཞིས་ཆགས་བྱེད་མཁན་ཕྱོགས་མིའང་ཡོད། མེ་ཏོག་གི་ཞོགས་ཁྲོམ་དར་རྒྱས་གོང་འཕེལ་བྱུང་བ་ལས་མེ་ཏོག་རྫོང་འདི་ཉིད་ཉིན་བཞིན་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་མངོན་བཞིན་ཡོད་པ་རེད།

བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ལོ་ལྟར་བོད་དུ་ཡོང་མཁན་ཚོང་པ་དང་ཡུལ་སྐོར་བ་ཉིན་རེ་བཞིན་ཇེ་མང་དུ་ཕྱིན་པ་དེས་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་ཐད་ཞིབ་འཇུག་བྱ་གཞི་གསར་པ་དང་ལས་འགན་གསར་པ་འཕྲད་ཡོད། ལས་གཉེར་ལོ་ལྔ་བྱས་པའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནི་རྨང་གཞི་བརྟན་གཏོང་དང་བརྟན་ལྷིང་སྲུང་སྐྱོང་གི་གསར་གཏོད་གཞན་ཞིག་ཡིན་པ་རེད། མིག་སྔའི་བར་བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་དང་རྫོང་གྲོང་ཚང་མར་སྔ་རྗེས་སུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཁྱོན་698བཙུགས་ཏེ“སྐར་མ་གསུམ་ནང་འབྱོར་ཐུབ་པའི་ཉེན་རྟོག་ཞབས་ཞུའི་ཁུལ”གྲུབ་པ་དང་སྦྲགས“དམངས་ཕན་སྨན་རྫས”དང་། “དམངས་ཕན་ཆར་གདུགས”“དམངས་ཕན་ཡོ་བྱད”སོགས་དམངས་ཕན་སྒྲིག་ཆས་བཀོད་སྒྲིག་བྱས་པས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

རང་ལྗོངས་ཀྱིས་ད་དུང་སྤྱི་ཚོགས་བཅོས་སྐྱོང་གི་འདུ་ཤེས་དགོན་སྡེའི་གྲྭ་བཙུན་ལ་སློབ་གསོ་གཏོང་བ་དང་དོ་དམ་བྱེད་པའི་ཞབས་ཞུའི་ཁྱབ་ཁོངས་ནང་ཁྱབ་རྒྱུ་མཐའ་འཁྱོངས་བྱས་པ་དང་ཆབས་ཅིག ལས་བྱེད་པ་ཕུལ་བྱུང་སྟོང་ཕྲག་ལྗོངས་ཡོངས་ཀྱི་དགོན་སྡེ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཚང་མར་མངགས་གཏོང་བྱས་པས་སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་ཀྱི་འགན་ནུས་ཁག་གསུམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་ཡོད། དགོན་སྡེར“ཡོད་པ་དགུ”བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། “གཅིག་རེ་དྲུག”ལག་བསྟར་གཏིང་ཟབ་བྱེད་པ། “འདུ་འགོད་གཅིག”ལག་བསྟར་བྱེད་པ། “ཞབས་ཞུ་གཅིག”སྤེལ་བ་བཅས་བྱས་ཡོད། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དེས་རྒྱ་ཆེའི་གྲྭ་བཙུན་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་བྱུང་ཡོད་པ་རེད།

“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་ལྗོངས་ཡོངས་ཀྱི་དགོན་སྡེའི་སྒྲིག་ཁུངས་སུ་ཚུད་པའི་གྲྭ་བཙུན་ཚང་མ་སྤྱི་ཚོགས་འགན་བཅོལ་མ་ལག་ནང་བཅུག་ནས་སྲིད་གཞུང་གིས་ལོ་ལྟར་ཁ་གསབ་སྒོར་ཁྲི་2600ལྷག་ཙམ་སྤྲད་པས་སྒྲིག་ཁུངས་སུ་ཚུད་པའི་གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོ་འགན་བཅོལ། བསམ་ཡུལ་ལས་འདས་པའི་མི་ལུས་གནོད་འཚེའི་འགན་བཅོལ། མ་མཐའི་འཚོ་བ་འགན་ལེན་བཅས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་མི་རིགས་ཆོས་དོན་ཨུ་ལྷན་གྱི་ཀྲུའུ་རེན་འཕྲིན་ལས་རྡོ་རྗེས་བརྗོད་པ་རེད།

2011ལོའི་ཟླ་10པར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་། ཤང་བཅས་རིམ་བཞི་མཉམ་འགུལ་ཐོག་ལོ་ལྟར་ཕུལ་བྱུང་ལས་བྱེད་པ་ཁྲི་2ལྷག་ཙམ་ལས་གྲུབ་པའི་ལས་དོན་རུ་ཁག་མངགས་གཏོང་གིས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)5464ལ་བཅའ་སྡོད་བྱས་ནས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་སློབ་སྦྱོང་དང་ངལ་རྩོལ་བྱེད་པ་དང་། ཅི་འཕྲོས་མོལ་འཕྲོས་བྱེད་པ། བསམ་འཆར་ཉན་པ། ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་རོགས། སྙིང་ཉེ་བའི་ངང་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་བ་བཅས་བྱས་པས་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྩིས་ཆེན་པོ་རྒྱག་པ་དང་ཕུགས་ཀྱི་རྩིས་རྒྱག་དགོས། སྣོད་བཅུད་སྲུང་སྐྱོང་ཨང་དང་པོ་ཡིན་པ་མཐའ་འཁྱོངས་བྱེད་དགོས་པ་ལས་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་གཏོང་རྒྱུ་རིན་དོད་དུ་བྱས་ནས་དཔལ་འབྱོར་གོང་འཕེལ་ཡོང་བ་གཏན་ནས་བྱེད་མི་རུང”ཞེས་གསུངས་མྱོང་ཡོད། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པའི་བོད་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གཞིར་བཟུང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་བྱེད་པར་ཁོར་ཡུག་ལ་གཏོར་སྐྱོན་གཏོང་རྒྱུ་རིན་དོད་དུ་མི་བྱེད་པར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ནན་པོ་སྲུང་སྟེ་གངས་ལྗོངས་ས་མཐོའི་རྩྭ་དང་རྩི་ཤིང་མཐའ་དག་དང་རི་ཀླུང་ཀུན་སྲུང་སྐྱོང་ཏན་ཏིག་བྱས་ཡོད་པ་རེད།

ལོ་ཁ་ཤས་གོང་ང་ཕོད་གྲོང་གསར་ནི་མི་ཕྱུགས་མཉམ་སྡོད་ཀྱི་གྲོང་ཚོ་ཞིག་ཡིན། གཞུང་ལམ་གཡས་གཡོན་དུ་ཕྱུགས་རིགས་ཀྱི་ལྕི་བ་དང་ཡུལ་མིའི་འཚོ་བའི་གད་སྙིགས་གང་སར་མཐོང་རྒྱུ་ཡོད་པ་དེས་མཁའ་རླུང་ཁྲོད་དྲི་ངན་ཡང་ཡང་འཐུལ་ཁར་སྦྲང་བུ་གང་སར་འཕུར་བ་མཐོང་རྒྱུ་ཡོད། 2012ལོར་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག་ང་ཕོད་གྲོང་གསར་དུ་ནུས་རྒྱུ་གསར་པ་ཁྱབ་གདལ་གྱི་འདུ་འགོད་དང་། གྲོང་ཚོའི་གཞུང་ལམ་འཛུགས་སྐྲུན་གྱི་འདུ་འགོད། གྲོང་ཚོའི་བཙོག་ཆུ་ཕྱིར་འབུད་འདུ་འགོད་སོགས་འཛུགས་སྐྲུན་རྣམ་གྲངས་ཁག་14ལེགས་གྲུབ་བྱུང་ཡོད། ད་ཆ་ང་ཕོད་གྲོང་གསར་གྱི་གཞུང་ལམ་གཡས་གཡོན་གཉིས་སུ་བོད་བཟོའི་ཐོག་བརྩེགས་ཁང་པ་སྟར་ཕྲེང་འགྲིག་པ་དང་དུད་ཁྱིམ་མི་རེ་ངོ་རེའི་མདུན་དུ་སྒོ་ར་རང་འགྲིག་ཡང་ཡོད་པས་རྡོ་རྗེ་ཚེ་དབང་དང་ཡུལ་མི་ཚོས་རང་ཁྱིམ་གྱི་སྒོ་ར་བེད་སྤྱད་དེ་ཞིང་དུད་སྤྲོ་སྐྱིད་ཁང་གཉེར་བས་གྲོང་ཚོའི་ནང་གི་འཚོ་བའང་ཉིན་རེ་ལས་མ་འདས་པར་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟར་གོང་འཕེལ་འགྲོ་བཞིན་ཡོད།

གཞི་རྩའི་སྤྱི་པའི་ཞབས་ཞུར་སྐུལ་འདེད་ཤུགས་ཆེན་གཏོང་བ་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མངོན་གསལ་དོད་པོ་ཡོང་བའི་བར་དང་། ལས་ཞུགས་སྲིད་ཇུས་ལག་ལེན་དེ་བས་ལེགས་པ་བསྟར་བ་ནས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པའི་བར། བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་ཆེན་པོ་རྒྱག་པ་ནས་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་གཙང་སྤེལ་མཐའ་འཁྱོངས་བྱེད་པའི་བར་སོགས་བོད་ཀྱི་འཕེལ་རྒྱས་ཡོངས་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་ལ་དད་སེམས་བརྟན་པོ་དང་། འགན་འཁྲི་འཁུར་ཕོད་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་བཅས་དང་ཁ་འབྲལ་ཐབས་མེད།

ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུའི་གོ་སྐབས་དང་བསྟུན་ནས་བོད་ཀྱིས་སླད་ཕྱིན་དུས་སྐབས་ཤིག་རིང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དམག་འཐབ་ལ་རྒྱལ་ཁ་བླངས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་མཐུད་བརྟན་པོ་དང་ཡུན་རིང་བདེ་འཁོད་ཕྱོགས་སུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྣོད་བཅུད་ནུས་པའི་ཁུལ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ། རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་བ་སོགས་བྱས་ཏེ་བློ་རྒྱ་ཆེན་པོས་ཕུགས་འདུན་དོན་གཉེར་བྱེད་པ་དང་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་ཀྱིས་བོད་ཀྱི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཟིན་པས་གངས་ལྗོངས་ས་མཐོས་དེ་བས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་སླར་ཡང་རྩོམ་ངེས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།